འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྫོང་དབུལ་པོ་261ཏུ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་
    བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དྲ་སྦྲེལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་ཐུབ་བཞིན་ཡོད། མིག་སྔར་སྡེ་ཚན་མང་པོས་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ་261ཏུ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་སྤེལ་བས་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ཕན་འབྲས་རགས་ཙམ་མངོན་ཡོད།
         ཚེས་26ཉིན། གསར་འགོད་པར་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྱི་གནད་སྨིན་དབུལ་སྐྱོར་གྱི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ས་ཆ་མང་པོ་ཞིག་ཏུ་བྱེད་ཐབས་སྣ་མང་བརྒྱུད་དྲ་ཐོག་ཚོང་དོན་དང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཉམ་འདྲེས་གཏིང་ཟབ་བྱས་ཏེ་དྲ་ཐོག་ཚོང་དོན་གྱི་གནད་སྨིན་དབུལ་སྐྱོར་དཔེ་དབྱིབས་སྣ་ཚོགས་འཚོལ་ཞིབ་ཐུབ་ཡོད། དྲ་ཐོག་ཚོང་དོན་གྱིས་ས་ཁུལ་དབུལ་པོའི་དཔལ་འབྱོར་འཕར་གཞི་གསར་པ་གསར་གཏོད་བྱས་པ་མ་ཟད། མང་ཚོགས་དབུལ་པོ་འབབ་འཕར་དང་གཏོང་སྒོ་གྲོན་ཆུང་ལ་བརྟེན་ནས་དབུལ་སྒྲོལ་དེ་བས་ཐུབ་ཡོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་བསྡོམས་རྩིས་ལས། མིག་སྔར་ནོར་སྲིད་པུའུ་དང་། ཚོང་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་བཅས་ཀྱིས་རྒྱལ་ཡོངས་སུ་གཏན་འཁེལ་བྱས་པའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་496ཁྲོད་རྫོང་དབུལ་པོའི་གྲངས་འབོར་ཕྱེད་ཀ་ལྷག་ཙམ་ཟིན་ནས་ཁྱོན་261ཡོད་པ་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ཚན་3གྱིས་གྲོས་མཐུན་གཅིག་མཐུན་བྱུང་བ་དང་སླད་ཕྱིན་ལོ་3ནང་དཔེ་སྟོན་ལས་དོན་དེ་ཆ་རྐྱེན་ཡོད་པའི་རྫོང་དབུལ་པོ་ཚང་མར་ཁྱབ་པའི་བརྩོན་ལེན་བྱ་རྒྱུ་རེད།
         དེ་དང་དུས་མཚུངས་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ཁེ་ལས་མང་པོ་ཞིག་ཀྱང་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ཁྲོད་ཞུགས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་སུའུ་ཉིང་སྤྲིན་ཚོགས་ཚོང་དོན་ཚོགས་ནས་ཅིང་ཏུང་ཚོགས་པ་དབར་དབུལ་སྐྱོར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་རེད། སུའུ་ཉིང་སྤྲིན་ཚོགས་ཚོང་དོན་ཚོགས་པས་རྫོང་དབུལ་པོ་100ཡི་ཁྲོད“བརྒྱ་གཉིས་ཀྱི་དཔེ་སྟོན་བྱ་སྤྱོད”སྤེལ་བ་དང་ཅིང་ཏུང་ཚོགས་པས་རྫོང་དབུལ་པོ་200བདམས་ཏེ་དབུལ་སྐྱོར་དཔེ་སྟོན་རྫོང་དུ་བརྩི་རྒྱུ་ཡིན་པ་དེས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་200ལྷག་ཙམ་འབབ་འཕར་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།
         འཆར་འགོད་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་གོམ་སྟབས་རྗེས་མར་ས་ཁུལ་དབུལ་པོའི་འགྲོ་ལམ་དང་། དྲ་སྦྲེལ། ཟོག་འགྲེམས་སོགས་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་མགྱོགས་མྱུར་ལེགས་སུ་གཏོང་བ་དང་དུས་མཚུངས་ས་ཁུལ་དབུལ་པོའི་ཞིང་ལས་ཁྱད་ལྡན་ཐོན་ཟོག་ཚད་གཞི་ཅན་དང་། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་སུ་སྐུལ་འདེད་བཏང་སྟེ་གྲོང་ཚོ་དབུལ་པོ་རེར་ཉུང་མཐར་ཡང་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ཤེས་ལྡན་པ་རེ་སྐྱེད་སྲིང་བྱེད་པ་དང་། ས་ཁུལ་དབུལ་པོར་ཕྱིར་ཚོང་དྲ་རྒྱའི་ལས་སྟེགས་དང་དྲ་ཐོག་ཚོང་དོན་ཞབས་ཞུའི་ལས་སྟེགས་ཁག་གཅིག་སྐྲུན་པ། གཞི་རིམ་གྱི་སྲོལ་རྒྱུན་དྲ་ཚིགས་སུ་དྲ་ཐོག་ཚབ་ཉོ་དང་ཚབ་ཚོང་ནུས་པ་མང་དུ་གཏོང་བ་བཅས་བྱས་ཏེ་གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་དཔེ་སྟོན་དྲ་ཐོག་ཚོང་ཁང་ཁྲི་4ཡན་འཛུགས་རྒྱུ་རེད།
         དེ་དག་ཕུད་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་བརྒྱུད་རིམ་ཁྲོད་རང་རྒྱལ་གྱིས་ད་དུང་ཤར་ནུབ་རྒྱུད་ཀྱི་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ཐོན་ལས་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་སྤྱི་ཚོགས་ལས་རིགས་ཁག་སྐུལ་སློང་གིས་དྲ་ཐོག་ཉོ་སྒྲུབ་ཀྱི་དབུལ་སྐྱོར་བྱེད་སྒོ་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།