འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།གཞུང་ཞབས་པའི་ཡིག་རྒྱུགས་གཡོ་ལས་བྱེད་མཁན་ལ་ཆད་པ་གསར་བ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་གཞུང་ཞབས་པ་ཅུས་བཅས་ཀྱིས་《གཞུང་ཞབས་པའི་རྒྱུགས་སྤྲོད་བསྡུ་ལེན་གྱི་སྒྲིག་འགལ་ལུགས་འགལ་བྱ་སྤྱོད་ཐག་གཅོད་བྱ་ཐབས་》སྤྱི་བསྒྲགས་བྱས་པ་དང་། 2016ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་རྩོམ་རྒྱུ་ཡིན་པ་མ་ཟད། དུས་མཉམ་དུ་2009ལོར་ཁྱབ་བསྒྲགས་བྱས་པའི་《གཞུང་ཞབས་པའི་བསྡུ་ལེན་རྒྱུགས་སྤྲོད་སྒྲིག་འགལ་ལུགས་འགལ་གྱི་བྱ་སྤྱོད་ཐག་གཅོད་བྱ་ཐབས་(ལག་ལེན་ཚོད་ལྟ)》དེ་མེད་པར་བཟོ་རྒྱུ་ཡིན་པ་རེད། 
         《བྱ་ཐབས་》ནང་དུ་གཏན་འབེབས་བྱས་པ་ལྟར་ན། ཐོ་འགོད་རྒྱུགས་སྤྲོད་བྱེད་མཁན་ལ་ཚབས་ཆེ་བའི་སྒྲིག་འགལ་ལུགས་འགལ་གྱི་བྱ་སྤྱོད་ཡོད་ཚེ་ཐེངས་དེའི་ཐོ་འགོད་རྒྱུགས་སྤྲོད་ཀྱི་ཐོབ་ཐང་མེད་པར་བཏང་ནས་བསྡུ་ལེན་བྱ་རྒྱུ་མིན་པ་དང་། གནས་ཚུལ་ལ་གཞིགས་ནས་གཞུང་ཞབས་པའི་རྒྱུགས་སྤྲོད་བསྡུ་ལེན་གྱི་ཡིད་རྟོན་ཡིག་ཚགས་ཏུ་ལོ་5དང་ཡང་ན་དུས་ཡུན་རིང་བོར་འགོད་རྒྱུ་ཡིན་པ། ཉེས་ཁྲིམས་དག་བཅོས་འཆར་ཟིན་(དགུ་བ)ནང་གི་རྒྱུགས་ལེན་གཡོ་ལས་སྒྲིག་འཛུགས་དང་འབྲེལ་བའི་གཏན་འབེབས་ལྟར་ན། ཐོ་འགོད་རྒྱུགས་སྤྲོད་བྱེད་མཁན་དང་བསྡུ་ལེན་བྱེད་མཁན་གྱི་ལས་སྒྲུབ་མི་སྣར་ཁྲིམས་སྲུང་དང་སྒྲིག་ཁྲིམས་ཀྱི་རེ་བ་གསལ་བོ་བཏོན་ཡོད་དེ། ཐོ་འགོད་རྒྱུགས་སྤྲོད་བྱེད་མཁན་གྱིས་ལྐོག་འབྲེལ་བྱས་ནས་གཡོ་ལས་དང་སྒྲིག་འཛུགས་ཡོད་པའི་གཡོ་ལས་ནང་ཞུགས་པ་སོགས་ཀྱི་སྒྲིག་འགལ་ལུགས་འགལ་གྱི་སྤྱོད་ཚུལ་ཚབས་ཆེན་ཡོད་ཚེ་ནམ་ཡང་གཞུང་ཞབས་པའི་རུ་དཔུང་དུ་ཡོང་མི་ཆོག་པ་རེད། བསྡུ་ལེན་བྱེད་མཁན་གྱི་ལས་སྒྲུབ་མི་སྣས་སྒྲིག་འཛུགས་ཡོད་པའི་གཡོ་ལས་རྩ་འཛུགས་དང་ཇུས་འགོད་བྱེད་པའམ་ཡང་ན་སྒྲིག་འཛུགས་ཡོད་པའི་གཡོ་ལས་ཁྲོད་དུ་ནུས་པ་གཙོ་བོ་ཐོན་ཡོད་ཚེ་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།