འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཀྱི་གཞིས་ལུས་རྒན་རྒོན་ཚོར་གཡོ་ཐབས་གསར་པའི་མགོ་སྐོར་ཐེབས་རྒྱུར་
    སྔོན་འགོག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གྲོང་གསེབ་ཀྱི་གཞིས་ལུས་རྒན་རྒོན་ཚོར་གཡོ་ཐབས་གསར་པའི་མགོ་སྐོར་ཐེབས་རྒྱུར་
སྔོན་འགོག་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཚོང་ཟོག་ཕྱིར་ཚོང་ལ་ཁ་གཡར་བའི་གཡོ་ཐབས་སྣ་ཚོགས་ཤིག་གྲོང་གསེབ་ན་གང་སར་ཁྱབ་བཞིན་ཡོད་པ་རེད། གྲོང་གསེབ་ཀྱི་གཞིས་ལུས་རྒན་རྒོན་ཚོས་མཐོང་རྒྱ་ཆུང་བ་དང་ཉེན་ཟོན་འདུ་ཤེས་ཞན་པ་སོགས་ཀྱི་དབང་གིས་གཡོ་ཁྲམ་ཅན་གྱིས་མགོ་གཡོག་མགོ་སྐོར་བྱེད་པའི་དམིགས་འབེན་དུ་གྱུར་ཡོད་ལ། གཞན་ད་དུང་གྲོང་གསེབ་ནི་ཐག་རིང་ལུང་ཁུག་ན་ཡོད་པ་དང་། བཟོ་ཚོང་དོ་དམ་སྡེ་ཁག་གིས་ཚོང་ཟོག་རྫུན་མའི་དྲིལ་བསྒྲགས་བྱེད་ཐེངས་ཉུང་བ་སོགས་ཡིན་སྟབས། གཡོ་ཁྲམ་ཅན་ཚོ་གྲོང་གསེབ་ཏུ་ཕྱིན་ཏེ་མགོ་གཡོག་མགོ་སྐོར་བྱེད་པར་དགའ་མོས་ཡོད་པ་རེད།
         ཉེ་ཆར། ང་ཚོའི་ས་ཆར་རྒྱུན་དུ་རྙོག་སེལ་འཕྲུལ་ཆས་(净水机)ཕྱིར་ཚོང་བྱེད་པའི་མི་ཡོང་གི་འདུག་ལ། དངོས་གནས་བཤད་ན་དེ་ནི་སྔོན་ལ་ཁེ་བཟང་སྟེར་བ་དང་རྗེས་ནས་མགོ་སྐོར་བྱེད་པའི་གཡོ་ཐབས་ཤིག་ཡིན་པ་རེད།
          གཡོ་ཁྲམ་ཅན་དེ་ཚོས་ཉིན་དང་པོར་ཉེ་འཁོར་དུ་ཡོང་མཁན་ཚོར་ཀ་ཏོ་ར་དང་ལག་གཟེབ་སོགས་ཀྱི་ཚོང་ཟོག་ཆུང་ངུ་རེ་སྟེར་བ་དང་། ཉིན་གཉིས་པར་རིན་མེད་ངང་སྒོ་ང་དང་སོ་སྨན། དྲི་ཞིམ་དག་རྫས་སོགས་སྟེར་བ། ཉིན་གསུམ་པར་ཚོང་ཟོག་ངོ་སྤྲོད་བྱེད་ཞོར་དེའི་རིན་གོང་བཤད་པ། ད་དུང་གཏན་མ་སྒོར་30སྤྲད་ན་ཁྱིམ་སྤྱོད་གློག་ཆས་སོགས་རིན་གོང་སླ་མོ་བྱེད་པ་ཞེས་བསྒྲགས་པ། ཉིན་བཞི་པར་སྒོར་1980ཡི་དངོས་ཟོག་ཉོས་ན་སླར་མར་ཤོག་ཆག་བྱས་ནས་ཕྱིར་སྤྲོད་པ། ཉིན་དེར་མི་ཞིག་གིས་སྒོར་1980ཡིས་དངོས་ཟོག་ཉོས་རྗེས་སྒོར་མོ་དེ་དག་ཆ་ཚང་ངང་ཤོག་ཆག་ལྟར་བྱས་ནས་ཕྱིར་སྤྲད་པ། ཉིན་ལྔ་བར་མུ་མཐུད་དུ་དྲིལ་བསྒྲགས་བྱེད་པ་སྟེ། ཁོ་ཚོའི་ཚོང་ཟོག་གི་བཟང་ལུགས་མང་པོ་བཤད་པ་དང་། གཏན་མ་སྤྲོད་པར་བསྐུལ་ཏེ་དེ་རིང་ཚོང་ཟོག་བཙོང་ཚར་སོང་ན་སང་ཉིན་ཚང་མར་ཤོག་ཆག་ཆེ་ཆུང་སྟེར་རྒྱུ་ཟེར་ཞོར་སྒོར་58ཀྱི་སྟོང་སངས་སླ་ང་(真空锅)ལ་སྒོར་400སོགས་བྱས་ནས་འཚོང་བ། ཉིན་དྲུག་པ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པས། གཞིས་ལུས་རྒན་རྒོན་ཚོས་སྒོར་མོ་བཏོན་ཏེ་གཡོ་ཁྲམ་ཅན་གྱི་ལག་ནས་རྙོག་སེལ་འཕྲུལ་ཆས་ཉོ་བ་རེད། ཉིན་བདུན་པར་མཇུག་བསྡུ་བ་སྟེ། ཤོག་ཆག་ཆེ་ཆུང་གཅིག་རེ་ལས་ཕྱིར་མི་སྤྲོད་པ་དང་། དེའི་ནང་དུ་ནི་འབུལ་རྟེན་གཱ་ཡོད་དེ། རྔ་མོང་ཁུ་ལུའི་ཉལ་ཐུལ་གཅིག་དང་། ཙན་དན་གཡུ་ཕྲ་ཅན་གྱི་སྐེ་རྒྱན་གཅིག་སོགས་མང་པོ་ཡོད། གལ་ཏེ་སྒོར་མོ་2500ཡས་མས་བཏོན་ནས་གཤམ་གྱི་འབུལ་རྟེན་ཏེ་ཀ་ཏོ་ར་དང་། གློག་གི་སོ་མང་། ཧ་ཡང་གི་ཀ་ཏོ་ར། གློག་ཐབ། སླ་ང་སྟོང་སངས། རྙོག་སེལ་འཕྲུལ་ཆས། ཙན་དན་གཡུ་ཕྲ་ཅན་གྱི་སྐེ་རྒྱན་སོགས་ཡོད་ཅེས་བསྒྲགས་པ་རེད། དངོས་གནས་བཤད་ན། དངོས་ཟོག་འདི་དག་གི་མ་དངུལ་བཏང་ཚད་ཧ་ཅང་དམའ་བ་དང་། རྙོག་སེལ་འཕྲུལ་ཆས་ལ་ཡང་ཆུ་རྙོག་གཙང་བཟོ་ཡི་ནུས་པ་མེད་པའི་ཐོན་རྫས་ཡིན་པ་རེད། གློག་ཆས་ཁ་ཤས་ནི་གསུམ་མེད་ཐོན་རྫས་ཡིན་ལ། ལས་བཟོ་ཧ་ཅང་རྩུབ་རགས་ཡིན་པ་རེད། ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་མི་སྣས་བརྗོད་པར་གཞིགས་ན། གསུམ་མེད་ཁྱིམ་སྤྱོད་གློག་ཆས་འདི་རིགས་བཀོལ་སྤྱོད་བྱས་ན་གློག་ལམ་འགག་པ་དང་། སྐུད་པ་ནས་གློག་ཤོར་བ། མཐའ་ན་འབར་གས་ཀྱི་གནས་ཚུལ་ཡང་འབྱུང་ཉེན་ཆེ་བས། འདི་དག་ནི་བཀག་སྡོམ་དངོས་ཟོག་ཡིན་པ་རེད།
         གཞིས་ལུས་རྒན་རྒོན་ཚོས་ཁེ་ཕན་ཆུང་ཆུང་ཞིག་ལ་གཏན་ནས་ཞེན་ཆགས་མི་རུང་བར་རང་ཉིད་ཀྱི་ཁུག་མའི་ནང་གི་སྒོར་མོ་བདག་པོ་བཟང་བོ་བྱས་ཏེ་མགོ་གཡོག་མགོ་སྐོར་གྱི་གཡོ་ཐབས་སུ་ཚུད་པར་དོགས་ཟོན་ནན་མོ་གནང་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།