འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ནེའི་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ལྷ་སར་འཛོམས་ནས་དཔལ་འབྱོར་ཚོང་དོན་
    མཉམ་ལས་ལ་གྲོས་བསྡུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གྲོལ་མ་ཐག་པའི་ཀྲུང་གོའི་སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་ཐོག་ནེ་པ་ལའི་ཁེ་ལས་བརྒྱ་ལྷག་ཙམ་འགྲེམས་སྟོན་ནང་ཞུགས་ནས་ཀྲུང་ནེའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་སྤེལ་རེས་ལ་རྨང་གཞི་ལེགས་པོ་བཏིང་ཡོད། ཉིན་ཤས་གོང་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ལྷ་སར་འཛོམས་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲོས་བསྡུར་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་ལས་རོགས་ལུའོ་མའེ་ཡིས། ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལ་རི་ཆུ་འདྲེས་ནས་ཡོད། ད་ཕན་ལོ་ཤས་རིང་། ཕྱོགས་གཉིས་པོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བོད་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་ལས་སྣེ་མང་རང་བཞིན་གྱི་རྣམ་པ་གྲུབ་བཞིན་ཡོད་ཅེས་བརྗོད།
         བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཧེ་ཀྲུང་ཧྭ་ཡིས། 2009ལོར་དཔལ་འབྱོར་ཚོང་དོན་མཐུན་སྦྱོར་ཨུ་ལྷན་གྱི་ལམ་སྲོལ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་ཚོང་དོན་གྱི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད། 2011ལོ་ནས་2014ལོ་བར། བོད་ཀྱིས་ནེ་པ་ལར་ཕྱིར་ཚོང་བྱས་པའི་ཚོང་དོན་ལོ་རེར་ཆ་སྙོམས་28%བཟུང་ཡོད་པ་དང་ནེ་པ་ལར་ཕྱིར་ཚོང་བྱས་པའི་ཚོང་དོན་བོད་ཀྱི་ཕྱིར་ཚོང་གི་སྤྱི་འབོར་གྱི་90%ཡན་བཟུང་ཡོད་ཅེས་བརྗོད།
         ད་ཐེངས་ཀྱི་ཚོགས་འདུའི་ཐོག ཕྱོགས་གཉིས་པོས་ཚོང་དོན་གྱི་མ་འཇོག་དང་ཚོང་དོན་དང་འགྲོ་སྐྱོད་སྟབས་བདེ་ཅན་སོགས་ཀྱི་ཁྱབ་ཁོངས་ཐད་གྲོས་བསྡུར་བྱས་ཤིང་། ནེ་པ་ལའི་ཕྱོགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ལ་པི·ཧྲང་ག·ས་དབྱིན་ཅིའུ་ཡིས། ནེ་པ་ལས་1955ལོར་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་ད་བར་ཀྲུང་གོ་དང་མཉམ་ལས་ཧ་ཅང་ལེགས་པོ་བྱུང་བ་མ་ཟད། ལྷག་དོན་དུ་ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དེ་བས་མགྱོགས་སུ་ཕྱིན་ཡོད། 2015ལོར་ནེ་པ་ལར་ས་ཡོམ་རྒྱག་སྐབས། ཉེན་སེལ་རྒུད་སྐྱོབ་དང་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་ཀྲུང་གོ་སྲིད་གཞུང་གིས་དུས་ཐོག་ཏུ་རོགས་རམ་བྱས་ཡོད་ཅེས་བཤད།
         ལ་པི·ཧྲང་ག·ས་དབྱིན་ཅིའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་2018ལོ་བར་ཀྲུང་གོས་མི་དམངས་ཤོག་སྒོར་དུང་ཕྱུར་30གཏོང་རྒྱུ་དེ་ནེ་པ་ལའི་རྣམ་གྲངས་25ཡི་ཐད་སྤྱོད་རྒྱུ་དང་། རྣམ་གྲངས་དེ་དག་ཚོང་དོན་གྱི་ཁྱབ་ཁོངས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་དང་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལར་རོགས་རམ་བྱས་པར་བརྟེན་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་མ་ཟད། ནེ་པ་ལའི་གེགས་རྗེས་བསྐྱར་སྐྲུན་ལ་རོགས་རམ་ཆེན་པོ་བྱས་ཡོད། ཧེ་ཀྲུང་ཧྭ་ཡིས་ཕྱོགས་གཉིས་པོས་ད་ཐེངས་ཀྱི་ཚོགས་འདུའི་གོ་སྐབས་དམ་འཛིན་བྱས་ཏེ་སྲིད་ཇུས་འབྲེལ་མཐུད་དང་ལས་དོན་མཐུད་སྦྲེལ་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འཕེལ་རྒྱས་ཀྱི་ཁོར་ཡུག་མཉམ་དུ་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།