འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན། 

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་ཕྱིར་དྲན། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         “ཡར་ལངས་ཞིང་བྲན་རྣམས་ལ་འཐབ་སེམས་ཀྱིས་ཁེངས་ནས། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད། མའོ་ཀྲུའུ་ཞིར་བསྟོད་གླུ་འབུལ། ཀྲུང་གོ་གུང་ཁྲན་ཏང་ལ་བསྟོད་གླུ་འབུལ”ཞེས་ལོ་68ལ་སླེབས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་འཕྲེང་འགོ་ཤང་གི་ཏང་ཡོན་རྒན་གྲས་ཕུར་བུས་གཞས་དེ་རྟག་ཏུ་གཏོང་གི་ཡོད་པ་རེད།
         1959ལོའི་ཟླ་3ཚེས་28ཉིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཞིང་བྲན་རྣམས་བཅིངས་འགྲོལ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་ནས། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྦད་དེ་རྩ་གཏོར་བཏང་བ་རེད།
         ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ལོ་རྒྱུས་དེ་མི་རྣམས་ཀྱིས་སྔ་ས་ནས་སློབ་དེབ་ནང་ནས་ཤེས་ཤིང་། སྤྱི་ཚོགས་རྙིང་པ་བརྒྱུད་མྱོང་བའི་ཕུར་བུས“ལོ་དྲུག་ནས་བཟུང་ཞིང་བྲན་བདག་པོའི་ཁྱིམ་གྱི་རའི་འོ་མ་བཞོ་བའི་གཡོག་རྒྱུག་དགོས་ཀྱི་ཡོད། ཉིན་ལྟར་ནམ་མ་ལངས་གོང་ནས་ལྷས་རའི་ནང་འོ་མ་བཞོ་བར་བསྐྱོད་དགོས་པ་དང་བརླན་གཤེར་དང་དྲི་ངད་ཆེ་བའི་རིལ་མའི་ནང་ཡུན་རིང་སྡོད་དགོས་པར་བརྟེན། རྐང་པར་རུལ་དྲི་ཁ་གི་འདུག”ཅེས་སྤྱི་ཚོགས་རྙིང་པར་སྡུག་པོ་མྱངས་པའི་སྐོར་བརྗོད་བྱུང་།
         “གངས་རི་མར་ལ་འགྱུར་ཡང་། བདག་པོ་དཔོན་པོས་བརྒྱབ་སོང་། གཙང་ཆུ་འོ་མར་འགྱུར་ཡང་། ཧུབ་གང་འཐུང་དབང་མི་འདུག ཚེ་སྲོག་ཕ་མས་གནང་ཡང་། རང་ལུས་རང་དབང་མི་འདུག”ཅེས་པའི་བོད་རིགས་ཀྱི་དམངས་གཞས་དེ་ཐོག་ནས་སྤྱི་ཚོགས་རྙིང་པའི་ཞིང་བྲན་རྣམས་ཀྱི་ཡ་ང་བའི་ལས་དབང་མཐོང་ཐུབ།
         ལོ་རྒྱུས་ཀྱི་དཔྱད་གཞི་ལས་མངོན་པར། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། སྤྱིའི་མི་འབོར་གྱི་5%ཡང་མི་ཟིན་པའི་མངའ་བདག་ཆེན་པོ་གསུམ་གྱིས་བོད་ཀྱི་རྒྱུ་ནོར་སྒེར་སྡེམ་བྱེད་པ་དང་མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་དང་རང་ལུས་རང་དབང་གང་ཡང་མེད་ལ། ཡུན་རིང་ཞིང་བྲན་བདག་པོའི་གདུག་རྩུབ་ཀྱི་གཉའ་གནོན་དང་བཤུ་གཞོག་ཕོག་གི་ཡོད། “ལས་ཀ་ཏོག་ཙམ་འགོར་ན། རྟ་ལྕག་གཞི་རྐྱང་བྱེད་ཀྱི་རེད། ཞིང་བྲན་བདག་པོའི་ཁྱི་ལྟོའང་ང་ཚོ་ལས་ཡག་པ་ཡོད”ཅེས་ལོ་79ལ་སླེབས་པའི་གཞིས་རྩེ་གྲོང་ཁྱེར་བག་ཡངས་གྲོང་རྡལ་ནོར་ཁང་གྲོང་ཚོའི་གྲོང་མི་ཚེ་འཕེལ་གྱིས་དེ་ལྟར་བཤད།
         ད་ཆ་བོད་དུ་རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་280བཏང་བའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་བསྐྲུན་པར་བརྟེན་ཞིང་འབྲོག་མང་ཚོགས་ཁྲི་230སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་ཡོད། ལོ་72ལ་སླེབས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་སྡེ་ཁུལ་གྱི་གྲོང་མི་པ་སངས་སྒྲོལ་མས“ང་ད་ལྟ་སྨི་ངོས་གྲུ་200ལྷག་ཙམ་ཡོད་པའི་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཁང་པའི་ནང་སྡོད་ཀྱི་ཡོད་ལ། དགུན་ཁ་དྲོ་སོབ་སོབ་ཡོད། འཚོ་བ་སྐྱིད་པོ་དེ་འདྲ་སྤྱི་ཚོགས་རྙིང་པར་བསམ་ཡང་མི་ཕོད་པ་ཞིག་རེད”ཅེས་བཤད།
         ལོ་57རིང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག་བོད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་ཀྱི་བྱ་གཞག་ཁག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཅིང་། ལྗོངས་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལོ་23བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་13བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ། རྒྱལ་ཡོངས་ཀྱི་སྔོན་དུ་ལོ་15ཡི་སློབ་རིན་མི་དགོས་པའི་སློབ་གསོ་དང་། འགན་ལེན་ལྔའི་དུད་ཚང་དང་དྭ་ཕྲུག་གཅིག་སྡུད་འཚོ་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
         ད་ཆའི་བདེ་སྐྱིད་འཚོ་བའི་སྐོར་གླེང་སྐབས་ཕུར་བུས“ད་ལྟ་གྱོན་གོས་གང་གྱོན་བསམ་ན་གྱོན་རྒྱུ་ཡོད་པ་དང་། ཇ་བསྲུབས་མ་ག་ཚོད་འཐུང་བསམ་ན་འཐུང་རྒྱུ་ཡོད་ལ། ཤ་ག་ཚོད་ཟ་བསམ་ན་བཟའ་རྒྱུ་ཡོད། ངའི་བུ་གཉིས་དང་བུ་མོ་གཅིག་ཚང་མ་ཏང་ནང་ཞུགས་ཡོད། ཏང་གིས་ང་ལ་བདེ་སྐྱིད་ཀྱི་འཚོ་བ་གནང་བྱུང་། ཏང་གིས་ཞིང་བྲན་ལ་ཚེ་སྲོག་གསར་པ་གནང་བས། ཏང་ནི་ང་ཚོའི་ཕ་མ་ལྟར་ཡིན”ཞེས་བཤད།
         ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་རླབས་ཆེན་ལོ་རྒྱུས་ལ་དྲན་གསོ་བྱ་ཆེད། 2009ལོའི་ཟླ་1ཚེས་19ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག ལོ་ལྟར་གྱི་ཟླ་3ཚེས་28ཉིན་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་ཅེས་གསུངས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།