༄༅།།སི་ཁྲོན་གྱིས་བྱ་ཐབས་བཅུ་དགུར་བརྟེན་ནས་གནད་སྨིན་དབུལ་སྐྱོར་བྱས་པ།
གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 06ཚེས་15ཉིན། 09:30】 (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)
མི་དམངས་དྲ་བའི་འཕྲིན། “ཁྱིམ་ཚང་དབུལ་པོའི་ངལ་རྩོལ་པའི་སྒུལ་རྣམ་དངོས་མིང་དོ་དམ་དང་། ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་པར་སློབ་ཡོན་སྤྲོད་མི་དགོས་པ། ས་ཁུལ་དབུལ་པོའི་གཞུང་ལས་པ་རྒྱུགས་ལེན་བསྡུ་སྤྱོད་ཀྱི་ཆ་རྐྱེན་ལྷུག་ཏུ་གཏོང་བ་སོགས”སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཉེ་དུས《ཞིང་ཆེན་དེ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》བཏོན་པ་དེ་ལས་ཞུགས་དང་། སྤྱི་ཚོགས་འགན་བཅོལ། གསོ་སྦྱོང་། རིག་སྟོབས་རྒྱབ་སྐྱོར། མ་དངུལ་འགན་ལེན་སོགས་གནད་སྨིན་དབུལ་སྐྱོར་བྱ་ཐབས་ཁག་19ལ་ཁྱབ་ཡོད་པ་རེད།
《བསམ་འཆར་》ནང་ཆེད་དོན་མ་དངུལ་བཏང་ནས་སྤྱི་ཚོགས་ཞབས་ཞུ་ཉོ་སྒྲུབ་བྱེད་ཐབས་སྤྱད་དེ་ཁྱིམ་ཚང་དབུལ་པོའི་ལོ་16ནས་60བར་གྱི་ངལ་རྩོལ་པའི་གཞི་རྩའི་གནས་ཚུལ་དང་། ལས་ཞུགས་ཀྱི་རྣམ་པ། འགན་བཅོལ་ནང་ཞུགས་པའི་གནས་ཚུལ། གསོ་སྦྱོང་གི་དགོས་མཁོ་སོགས་ལ་དུས་བཀག་ཐོག་བརྟག་དཔྱད་དང་ཐོ་འགོད་མཛོད་འཇུག་བྱས་ཏེ་གྲངས་གཞིར་དངོས་མིང་འགོད་པའི་སྒུལ་རྣམ་དོ་དམ་ལག་བསྟར་བྱེད་པ་མ་ཟད། ལོ་ཕྱེད་ནང་གསར་བརྗེ་རེ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
《བསམ་འཆར་》ནང་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་པ་ལག་རྩལ་པའི་གསོ་སྦྱོང་རྣམ་གྲངས་ནང་ཞུགས་ནས་ལག་རྩལ་པའམ་ཡང་ན་མཐོ་རིམ་ལག་རྩལ་པའི་ལས་རིགས་ཐོབ་ཐང་ལག་ཁྱེར་རག་པར་ཁ་གསབ་སྒོར་3000ནས་6000བར་མི་འདྲ་བ་སྤྲོད་རྒྱུ་དང་། ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུར་སྐུལ་མ་བཏང་ནས་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་པར་སྐྱོད་པར་སློབ་ཡོན་སྤྲོད་མི་དགོས་པའི་གཏན་འབེབས་བྱས་ཡོད།
《བསམ་འཆར་》ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ནང་བཅུག་ནས་2017ལོར་སླེབས་སྐབས་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་རྫོང་ཁོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་སྨན་ཁང་དུ་ཞག་སྡོད་བྱས་ནས་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་བཅོས་འགྲོ་སོང་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་ནས་འགྲོ་སོང་རྩིས་ཞུ་བྱེད་ཚད་100%ཟིན་པ་བྱེད་དགོས་ལུགས་བཏོན་ཡོད།
《བསམ་འཆར་》ནང་སླད་ཕྱིན་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་དབུལ་པོའི་གཞུང་ལས་པར་རྒྱུགས་ལེན་བསྡུ་སྤྱོད་བྱེད་པའི་ཐད་རྒྱུགས་ལེན་གྱི་བསྡུར་གྲངས་དང་། སློབ་རྒྱུས། ཆེད་ལས། ལོ་ན་སོགས་ཀྱི་སྲིད་ཇུས་ལྷུག་ཏུ་གཏོང་རྒྱུ་དང་བོད་རིགས་ས་ཁུལ་གྱི་ཤང་གྲོང་ལས་ཁུངས་ཀྱི་ལས་གནས་ཐོག་གནས་གཏན་འཁེལ་གྱིས་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དཔོན་དཀྱུས་དང་དམག་དཀྱུས་དང་རྫོང་དེ་གའི་བྱ་གཞག་སྒྲིག་ཁུངས་མི་སྣ་བཅས་བསྡུ་ཆོག ཁྱིམ་ཚང་དབུལ་པོའི་རྒྱུགས་སྤྲོད་སློབ་མར་གཞུང་ཞབས་པའི་ཡིག་རྒྱུགས་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་དགོས། རྫོང་དབུལ་པོ་88ལ་གཞུང་ལས་པའི་གསོ་སྦྱོང་བྱ་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གཞུང་ཞབས་ལས་བྱེད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ནུས་པ་མཐོ་རུ་ཧུར་ཐག་གཏོང་དགོས་པ་ཁ་གསལ་བཏོན་ཡོད།
གཞན་ཡང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཐད་ཀྱི་《བསམ་འཆར་》ནང་ས་ཁུལ་དབུལ་པོར་ས་ཁོངས་རང་བཞིན་གྱི་དགོས་མཁོ་ཆེ་ལ་ཤིན་ཏུ་དཀོན་པའི་ཤེས་ལྡན་མི་སྣ་ཡོངས་བསྒྲགས་ངང་གདན་ཞུ་བྱེད་པར་རྒྱུགས་སྤྲོད་ཀྱི་བསྡུར་གྲངས་དམའ་རུ་གཏོང་ཆོག་ལ་གྲོང་ཁྱེར་(ཀྲོའུ)གྱིས་གཏན་འབེབས་གཞིར་བཟུང་གཏན་འཁེལ་བྱས་རྗེས་ཕྱོགས་གཉིས་གདམ་ཀ་བྱེད་པ་དང་ཐད་ཀར་དཔྱད་ཞིབ་གདན་ཞུ་བྱེད་ཆོག་པ་གཏན་འབེབས་བྱས་ཡོད།