འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་ནས་གཞི་ཁྱོན་ཆེན་པོས་གློག་འཕྲིན་ཐོག་ནས་ཁ་བསླུས་རྒྱག་མཁན་
    ཉེས་གསོག་དོགས་ཅན་རང་རྒྱལ་དུ་སོ་སྐྱེལ་ཐེངས་དང་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་ནས་གཞི་ཁྱོན་ཆེན་པོས་གློག་འཕྲིན་ཐོག་ནས་ཁ་བསླུས་རྒྱག་མཁན་
ཉེས་གསོག་དོགས་ཅན་རང་རྒྱལ་དུ་སོ་སྐྱེལ་ཐེངས་དང་པོ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁེན་ནི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཀྲུང་གོའི་སྐམ་ས་ཆེ་མོའི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ལས་ཁུངས་ལ་བརྫུས་ནས་སྐམ་ས་ཆེ་མོའི་མང་ཚོགས་ལ་གློག་འཕྲིན་ཐོག་ནས་ཁ་བསླུས་རྒྱག་མཁན་ཉེས་གསོག་དོགས་ཅན་ཚོགས་པ་ཞིག་མེད་པ་བཟོས་པ་རེད། ཁེན་ནི་ཡའི་ཁྲིམས་འཛིན་སྡེ་ཚན་གྱིས་ཞིབ་བཤེར་བྱས་པ་བརྒྱུད་འཛིན་བཟུང་བྱས་པའི་ནང་ཀྲུང་གོའི་སྐམ་ས་ཆེ་མོའི་ཉེས་གསོག་དོགས་ཅན་32དང་། ཐའེ་དབན་གྱི་ཉེས་གསོག་དོགས་ཅན་42ཀྲུང་གོའི་སྐམ་ས་ཆེ་མོར་ཕྱིར་སྐྱེལ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཁག་དང་པོའི་ཉེས་གསོག་དོགས་ཅན་10དེ་ཟླ་4ཚེས་9ཉིན་རང་རྒྱལ་དུ་རྩིས་སྤྲད་པ་དང་ཁག་གཉིས་པའི་ཉེས་གསོག་དོགས་ཅན་67ཚེས་13ཉིན་རང་རྒྱལ་ལ་རྩིས་སྤྲད་པ་རེད། དེ་ནི་རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་ནས་གཞི་ཁྱོན་ཆེན་པོས་གློག་འཕྲིན་ཐོག་ནས་ཁ་བསླུས་རྒྱག་མཁན་ཉེས་གསོག་དོགས་ཅན་རང་རྒྱལ་དུ་སོ་སྐྱེལ་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།
         ཚེས་13ཉིན་གསར་འགོད་པར་སྤྱི་བདེ་པུའུ་ནས་གོང་གསལ་གྱི་གནས་ཚུལ་དེ་དག་ཤེས་རྟོགས་བྱུང་ཞིང་། ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཐའེ་དབན་གྱི་ཉེས་གསོག་དོགས་ཅན་གྱིས་གཏེ་པོ་བྱས་པའི་གློག་འཕྲིན་གྱི་ཁ་བསླུས་རྒྱག་མཁན་ཉེས་གསོག་ཚོགས་པས་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་དང་། ཨ་ཧྥེ་རི་ཁ། རྒྱ་མཚོ་ཆེན་པོའི་གླིང་ཆེན་སོགས་རྒྱལ་ཁབ་ཏུ་ཁ་བསླུས་ནག་ཚང་བཙུགས་པ་དང་འབྲེལ་ཁ་པར་ལེན་མཁན་མི་སྣ་བསྡུས་ཏེ་ཀྲུང་གོའི་སྐམ་ས་ཆེ་མོའི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ལས་ཁུངས་ལ་བརྫུས་ནས་སྐམ་ས་ཆེ་མོའི་མང་ཚོགས་ལ་ཁ་པར་བརྒྱབ་སྟེ་སྨྱོ་ཧམ་ཆེན་པོས་གློག་འཕྲིན་ཐོག་ནས་ཁ་བསླུས་བརྒྱབ་པར་བརྟེན་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བཟོས་ཡོད་པ་དཔེར་ན། 2015ལོའི་ཟླ་12ཚེས་29ཉིན་ཐའེ་དབན་གྱི་ཁ་བསླུས་ཉེས་གསོག་ཚོགས་པས་ཀུའེ་ཀྲོའུ་ཏུའུ་ཡུན་གྲོང་ཁྱེར་གྱི་དབྱང་ཆེ་གེ་མོའི་ལག་ནས་སྒོར་དུང་ཕྱུར་1.17ཁ་བསླུས་བརྒྱབ་པ་དང་། 2016ལོའི་ཟླ་3ཚེས་17ཉིན་ཐའེ་དབན་གྱི་ཁ་བསླུས་ཉེས་གསོག་ཚོགས་པས་ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་གྱི་ཡེ་ཆེ་གེ་མོའི་ལག་ནས་སྒོར་ཁྲི་1786ཁ་བསླུས་བརྒྱབ་པ། ཟླ་4ཚེས་6ཉིན་ཐའེ་དབན་གྱི་ཁ་བསླུས་ཉེས་གསོག་ཚོགས་པས་ཧྲན་ཏུང་དབྱི་ཡོན་རྫོང་གི་རེན་ཆེ་གེ་མོའི་ལག་ནས་སྒོར་ཁྲི་1566ཁ་བསླུས་བརྒྱབ་པ་བཅས་རེད། རྒན་རྒོན་དང་། དགེ་རྒན། ཞིང་པ་ལས་མི། ལས་བྲལ་བཟོ་པ། སློབ་མ་བཅས་ཀྱི“རྒན་གསོའི་དངུལ”དང་། “སྲོག་སྐྱོབ་དངུལ”“སློབ་ཡོན”བཅས་མང་དག་ཅིག་ཁ་བསླུས་བརྒྱབ་ནས་ཁྱིམ་ཚང་མང་པོ་ཞིག་ཁྱིམ་གཞིས་སྟོངས་པ་མ་ཟད། ཁེ་ལས་མང་པོ་ཞིག་མ་རྩ་བརྡིབས་པ་དང་མི་མང་པོ་ཞིག་རང་ཤི་བརྒྱབ་དགོས་པ་བཅས་ཀྱི་ཡ་ང་བའི་གནས་ཚུལ་བཟོས་ཡོད།
         ཐའེ་དབན་དང་འབྲེལ་བའི་ཁ་བསླུས་ཉེས་གསོག་དུས་བབ་ཛ་དྲག་པར་དམིགས་ནས་སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་པ་དང་འབྲེལ་རྡུང་རྡེག་ཚ་ནན་གཏོང་བའི་བྱ་སྤྱོད་མུ་མཐུད་སྤེལ་ཞིང་། ལྷག་དོན་དུ་《མཚོ་ཁག་ངོགས་གཉིས་ཀྱིས་ཐུན་མོང་ཐོག་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དེ་བཞིན་ཁྲིམས་འཛིན་གྱི་རོགས་རེས་གྲོས་མཐུན་》ལ་མིང་རྟགས་བཀོད་ཚུན། སྐམ་ས་ཆེ་མོའི་སྤྱི་བདེ་ལས་ཁུངས་དང་ཐའེ་དབན་གྱི་ཉེན་རྟོག་ཕྱོགས་མཉམ་ལས་དམ་ཟབ་བྱས་ཏེ་རྒྱལ་ཁབ་སྒྲོལ་བ་དང་ངོགས་གཉིས་སྒྲོལ་བའི་གློག་འཕྲིན་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། ཨེ་ཤེ་ཡ་ཤར་ལྷོའི་ཁུལ་གྱི་རྒྱལ་ཁབ་ཏུ་བསྐྱོད་དེ་ཉེན་རྟོག་ལས་དོན་གྱི་ཁྲིམས་འཛིན་མཉམ་ལས་ཐེངས་47སྤེལ་བ། གློག་འཕྲིན་གྱི་ཁ་བསླུས་ཉེས་གསོག་དོགས་ཅན་7700འཛིན་བཟུང་བྱས་པ་དེའི་ནང་ཐའེ་དབན་གྱི་ཉེས་གསོག་དོགས་ཅན་4600ལྷག་ཙམ་ཡོད་པ་དང་། མངའ་ཁོངས་ཕྱིའི་ཉེས་གསོག་ནག་ཚང་500ལྷག་ཙམ་གཏོར་བ་དང་འབྲེལ་གློག་འཕྲིན་ཁ་བསླུས་གྱོད་གཞི་ཁྲི་1ལྷག་ཙམ་རྩད་ཆོད་ཐུབ་པ་བྱུང་ཡོད།
         2014ལོའི་ཟླ་11ཚེས་29ཉིན་ཁེན་ནི་ཡའི་ཉེན་རྟོག་ཕྱོགས་ཀྱིས་གྲོང་མིའི་སྡོད་ཁང་ཞིག་གི་ནང་ནས་གློག་ཀླད་དང་ཁ་པར་མཐུད་ལེན་འཕྲུལ་ཆས་སོགས་གློག་འཕྲིན་ཁ་བསླུས་ཉེས་གསོག་ཐད་སྤྱོད་པའི་གློག་རྡུལ་འཕྲིན་གཏོང་སྒྲིག་ཆས་འབོར་ཆེན་ཤེས་རྟོགས་བྱུང་བ་དང་སྐམ་ས་ཆེ་མོའི་ཉེས་གསོག་དོགས་ཅན་48དང་ཐའེ་དབན་གྱི་ཉེས་གསོག་དོགས་ཅན་28འཛིན་བཟུང་བྱས་ཏེ་གློག་འཕྲིན་ཁ་བསླུས་ཉེས་གསོག་ཚོགས་པ་ཞིག་མེད་པ་བཟོས་པ་རེད། ཚོགས་པ་དེས་ཁེན་ནི་ཡའི་རྒྱལ་ས་ནོ་རོ་པི་རུ་བཙུགས་པའི་ནག་ཚང་དེས་པེ་ཅིང་དང་། ཅང་སུའུ། ཧུའུ་ནན། སི་ཁྲོན་སོགས་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་9ལ་དྲ་བའི་ཁ་པར་བརྒྱབ་ནས་སྐམ་ས་ཆེ་མོའི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ལས་ཁུངས་ཡིན་ཁུལ་བྱས་ཏེ་འཛེམ་བག་མེད་པར་ཁ་བསླུས་བརྒྱབ་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་བརྒྱ་ཁྲག་རྩད་ཆོད་ཐུབ་པ་བྱུང་ཡོད། 2016ལོའི་ཟླ་4ཚེས་8ཉིན་རྒྱལ་ཁབ་འདིའི་ཉེན་རྟོག་ཕྱོགས་ཀྱིས་ཀྲུང་གོའི་སྐམ་ས་ཆེ་མོའི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ལས་ཁུངས་ལ་བརྫུས་མཁན་སྐམ་ས་ཆེ་མོའི་ཉེས་གསོག་དོགས་ཅན་19དང་ཐའེ་དབན་གྱི་ཉེས་གསོག་དོགས་ཅན་22འཛིན་བཟུང་བྱས་པ་རེད། ཁེན་ནི་ཡའི་ཁྲིམས་འཛིན་སྡེ་ཚན་གྱིས་ཞིབ་བཤེར་བྱས་པ་བརྒྱུད། གོང་གི་མི་དེ་དག་ནང་ནས་སྐམ་ས་ཆེ་མོའི་ཉེས་གསོག་དོགས་ཅན་32དང་ཐའེ་དབན་གྱི་ཉེས་གསོག་དོགས་ཅན་45ཀྲུང་གོའི་སྐམ་ས་ཆེ་མོར་ཕྱིར་སྐྱེལ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
    【1】  【2】  【3】  【4】
    ༄༅།།རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་ནས་གཞི་ཁྱོན་ཆེན་པོས་གློག་འཕྲིན་ཐོག་ནས་ཁ་བསླུས་རྒྱག་མཁན་
ཉེས་གསོག་དོགས་ཅན་རང་རྒྱལ་དུ་སོ་སྐྱེལ་ཐེངས་དང་པོ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།