འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་ནང་སྦགས་པའི་གཏམ།

    བརྗེད་པར་དཀའ་བའི་རང་གི་ལས་དབང་ལ་ཕྱི་དྲན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཟླ་བས་མཚན་ལྗོང་རིང་མོ་གསལ་བར་བྱས་པའི་མཚན་མོ་དེ་ནི་ང་ཁྱོད་ཡོད་སའི་ཡུལ་ལུང་དེར་སླེབས་ཤིང་ཁྱོད་ཀྱི་མིག་ངོར་དུས་རྒྱུན་མངོན་པའི་རི་ཆུ་དག་ལ་བག་ཆགས་ཀྱི་འཚམ་ཐོག་མ་སྦྱར།
         ཡུལ་ལུང་དེར་བདག་སླེབས་མ་ཐག་ཁྱོད་དང་ཁྱོད་ཀྱི་མདུན་རོལ་གྱི་མི་གང་མང་ཞིག་གི་ངོ་གདོང་ལ་གསལ་ཆ་མེད་མོད་བདག་དེ་རུ་སླེབས་ནས་གཟུང་གནས་ཚང་གི་སྦྱིན་བདག་དང་ད་དུང་དེ་ཚང་གི་ཨ་ཡེ་རྒན་མོ་སོགས་མི་དེ་དག་གི་ངོ་གདོང་དག་རེ་རེ་བཞིན་མིག་ངོ་རུ་མངོན་ཡོང་ཞིང་འཛིན་ངོ་རུ་འཐོག་ཡོང་། 
         ཁྱོད་ཡོད་སའི་ཡུལ་ལུང་དེའི་མི་དག་ཅི་འདྲ་འཇིག་ཤིང་རྔམས་པ་ཞིག་རེད་ཟས་ཟ་སྐབས་འཚམས་འཚོམ་མེད་པར་ཁ་ནང་དུ་འབྱོར་ཧུར་སྒྲའི་ངང་ནས་ཟ་ཞིང་ལམ་ནས་འགྲོ་སྐབས་ཀྱང་གོམ་པའི་འདེམས་འགྱོགས་ནི་རྟ་རྒོད་ཞིག་ལྟར་ལྕི་འདམས་དང་རྡོ་འབུར་སོགས་ལ་སྣང་བ་ཅི་ཡང་མེད་པར་སྐང་པ་གང་བྱུང་དུ་སྤོ་བར་བྱེད་ད་དུང་སྐད་ཆ་བཤད་སྐབས་སྐད་ཤུགས་ཆེ་ཞིང་ངར་ཤ་ལྡན་པ་གནའ་བོའི་འཇིག་རྟེན་བཤད་པའི་དཔེ་ཆ་དག་ལས་བྱུང་བའི་གནང་བོའི་མི་དག་གི་མཚན་གཞི་ཞིག་རུ་འདི་འདྲ་ཞིག་འཇོག་དགོས་པའི་སྣང་བ་སྐྱེ་ཡོང་།
         བདག་དེ་རུ་སླེབས་པའི་མཚན་མོ་དེ་ནས་བཟུང་གཟུགས་མེད་ཀྱི་འཇིག་སྐྲག་ཞིག་གིས་བདག་གི་རྒྱུ་ལུས་ཟོས་ཏེ་བཏང་སྙོམས་དང་དགའ་སྡུག་གི་ཚོར་བ་བརྫུན་པ་དེ་དག་སྐྱེ་རུ་མ་བཅུག
         ཅུང་ཙམ་དེ་དག་གི་ཚོར་བ་ཞིག་མྱོང་ན་ཡང་འཇིག་ཞིང་ཡ་ང་བའི་རྨི་ལམ་གང་མང་ཞིག་སེམས་ངོ་རུ་འཁྱུད་ཡོང་བས་གཉིད་ཀྱི་ཞིང་ཁམས་དེ་གློ་བུར་དུ་ཡ་ངའི་ཡུལ་ཞིག་ཏུ་གྱུར་ཏེ་དེ་ལས་སད་འགྲོ།
         བདག་ལ་མཚོན་ན་མཚན་མོ་དེ་་ནི་གཞན་ཡུལ་ཐོག་མ་འགྲིམ་ཞིང་གཞན་ཟས་ཐོག་མ་ཟོས་པའི་མཚན་མོ་དེ་ཡིན་པས་ཅི་འདྲ་འཇིག་སྐྲག་གྱིས་ཁྱིང་བ་ཞིག་དང་ཅི་འདྲའི་སུན་སྣང་དང་ལྡན་པ་ཞིག་རེད།
         བདག་དྲིན་ཅན་གྱི་ཡབ་ཡུམ་དང་ལྷན་དུ་གནས་དུས་གཉིད་མི་ཁུག་པའི་མཚན་མོ་ཞིག་གཏན་ནས་ཡོང་མ་མྱོང་ཞིང་ཐ་ན་ཉིན་དཀར་ཡང་ཉལ་འདོད་ཚོར་བ་རམ་རིམ་ཞིག་དུས་རྒྱུན་ཡོད།
          བདག་མཚན་མོ་ཉལ་ཞིང་ནང་མོ་ཉི་མ་མ་ཤར་གྱི་བར་དུ་ཉལ་ན་ཡང་ད་དུང་ཉལ་བའི་དུས་ཅུང་ཡོད་ན་དྲན་ཞིང་འདྲེལ་ལོག་རྒྱབ་ཏེ་ཉལ་བའི་དུས་ཚོད་ཐུང་བ་ལ་དངན་པ་ཡང་གང་མང་འཐེན་མྱོང་།       ཡིན་ན་ཡང་མཚན་མོ་དེ་ནི་བདག་འཇིག་རྟེན་ནས་ཉལ་བའི་དུས་ཚོད་རིང་བ་ལ་སྐྱོ་དབྱངས་བཀུག་ཞིང་སྣང་བ་ལ་སུན་པ་བའི་མཚན་མོ་ཞིག་དང་ཆེས་ངལ་སྡུབ་ཆེ་བའི་མཚན་མོ་ཞིག་ཡིན།
         མདང་དགོང་གྱི་སུན་སྣང་དང་ཡང་ན་ཡུལ་ལུང་འདིའི་གྲང་རླུང་གྱིས་བདག་གི་རྒྱུ་ལུས་འདི་ལ་དེ་རིང་ཡ་ང་བའི་རིམ་ཞིག་གིས་ཁྱིང་འདུག་ཡིན་ན་ཡང་དེ་རིང་བདག་ལ་མདང་དགོང་གྱི་སུན་སྣང་དང་འཇིགས་སྐྲག་སོགས་མི་འདུག་ཅིང་ཁྱོད་ཀྱི་སྐད་ཆ་འཆད་ཤེས་པ་ལྟ་བུའི་མིག་གཉིས་པོའི་ཡར་མར་ལ་ཉུལ་ཚུལ་དང་གངས་དཀར་གྱི་ཐོག་ཏུ་རས་གཟན་དམར་པོ་ཞིག་བཀྲམ་པ་ལྟ་བུའི་འཁུར་འཚོས་མདའ་ལྟར་དྲང་བའི་སྐུ་གཟུགས་སོགས་གཅིག་ཆར་གྱིས་མིག་ངོ་རུ་འཆར་ཞིག་རེས་མོལ་གྱིས་ཡིད་ཡུལ་ནས་འཁྱུག་ཡོང་།     ཁྱོད་ཐོག་མ་བདག་དང་འཕྲད་དུས་བདག་ལ་ཁྱོད་དང་འདྲིས་མྱོང་བའི་ཚོར་བ་ཞིག་སྐྱེས་སོང་བས་བདག་ཆོས་ལུགས་པ་ཞིག་གི་ངོས་ནས་བཤད་ན་དེ་ནི་སྔོན་ལས་ཡིན་སྲིད།    
          ཁྱོད་བདག་གི་མདུན་དུ་ལྷག་པའི་ཉིན་མོ་དེ་ཅི་འདྲ་ཐུང་ཐུང་ཞིག་རེད་ཁྱོད་ཀྱི་ངོ་གདོང་ལ་བདག་གིས་གྱེར་ཐེངས་འགའ་ཡིས་འདས་ཞིང་ཁྱོད་ཀྱི་མཛེས་དཔལ་ལ་སེམས་ནས་བསྔགས་ཐེག་འགའ་ཡིས་རྫོགས་སོང་།            དག་ནི་ཉི་མ་དམར་ཐག་ཆོད་དེ་རི་བོའི་ཕ་རོལ་དུ་ཡལ་སྟེ་ཁྱོད་དང་ཁྱོད་ཀྱི་ཉེ་གྲོགས་ཐམས་ཅད་དགོངས་འདོན་ལ་འཚོགས་ནས་འུར་འུར་ངང་དགོངས་འདོན་འདོན་འགོ་ཚུགས།  
          ཡིན་ན་བདག་ནི་དེ་སྔ་དེ་འདྲ་འདོན་མྱོང་མེད་པས་ཕྱི་རོལ་དུ་འགྲོ་འདོད་ཀྱང་ཁྱོད་ཀྱི་ངོ་གདོང་དེ་གཏོང་བར་མ་ནུས་པས་དེ་རུ་སྒྲེང་ཏེ་སྡད།
         ཁྱོད་ཚོས་ནི་བཀྲ་ཤིས་བརྒྱད་པ་དབང་འདུས་གསོལ་འདེབས་བར་བསམ་སྒྲོན་གསུམ་བཟང་སྤྱོད་བདེ་སྨོན་སོགས་གཅིག་རྗེས་སུ་གཅིག་མཐུད་ཏེ་བཀླག་ན་ཡང་བདག་གིས་ནི་ཁྱོད་ཀྱི་ངོ་གདོང་གི་མཛེས་དཔལ་དག་མིག་གི་བཀླག
         དགོངས་མོ་མི་ཆེན་དག་ཁྱིམ་ཕུག་ཏུ་བྱ་བ་ལ་གླེང་མོལ་བྱེད་སྐབས་ལྷས་འདབས་ནས་བདག་དང་ཁྱོད་གཉིས་དོག་མི་བདེ་བའི་ངང་ནམ་མཁའི་སྐར་མ་ལ་གྱེར་དུས་ཁྱོད་ཀྱིས་འདོད་པའི་མཚོ་རླབས་རྒྱས་པའི་གཞོན་ནུ་མ་ཞིག་གི་ཚུག་ཀ་དཔྱད་དེ་མགོ་བོ་ཅུང་དུད་པའི་ངང་བདག་གི་མདུན་དུ་སྒྲེང་ཚུལ་དེས་བདག་གི་བླ་ཚེ་སྲོག་གསུམ་བློ་བུར་ཧད་པར་བྱས།    
          ཡིན་ནའང་ཅུང་ཙམ་ནས་ཁྱོད་ཀྱི་ཡུལ་མི་དག་གིས་བདག་ལ་བཀོད་བསྒྲིགས་བྱས་པའི་ཁང་ཆུང་དེར་བདག་ཉིད་གཅིག་པུ་རབ་གསལ་ནས་ཟླ་འོད་ལ་གྱེར་བཞིན་གནས་ཞིང་སྔ་དགོངས་དང་འདྲ་བའི་སུན་སྣང་མེད་ཀྱང་གཉིད་མི་ཟིན།       
          གཉིད་མི་ཟིན་པ་དེ་ཡང་སྔ་དགོངས་དང་མི་འདྲ་བར་དེ་རིང་གཉིད་མི་ཟིན་པ་ནི་ཁྱོད་ཀྱི་ངོ་ཡི་འཛུམ་རིས་དང་དགོད་དུས་ཀྱི་འཛུམ་བག་སྐད་ཆ་བཤད་སྐབས་ཀྱི་སྒེག་འཆོས་སོགས་གཅིག་གཅིག་གཉིས་གཉིས་ངང་མིག་ངོ་རུ་འཆར་བས་གཉིད་ཀྱི་སྒོ་མོ་ལ་གཏན་ནས་འཇུག་མི་ཐུབ།              ཕྱི་ཉིན་ནི་ལས་དབང་གིས་བཀོད་སྒྲིག་བྱས་པ་དང་འདྲ་བར་རྒྱུ་རྐྱེན་གང་མང་ཞིག་གིས་བདག་ལམ་ལ་ཆས་དགོས་སོང་ལམ་ལ་ཆས་ཁ་མའི་ཉིན་དེར་ད་དུང་ཁྱོད་ཀྱི་ངོ་གདོང་ལ་གྱེར་ཞིང་ཕ་མཐའི་རི་བོའི་དགུང་ནས་ད་དུང་ཕྱི་ལྟས་བྱས་ཡོད།   
          ཁྱོད་ཀྱིས་བདག་ལ་ལག་གཡུག་བྱེད་པའི་ངང་ཚུལ་ལོ་ངོ་མང་པོར་བསམ་པའི་གོ་ས་མནན་སྟེ་ད་དུང་རྟོགས་པའི་འཆར་ཡོལ་གྱི་ངོར་གནས་ཡོད།
          བདག་འཕྲད་པ་དེ་ནས་བཟུང་བདག་གིས་མི་ཚོགས་ཀྱི་བར་ནས་ཁྱོད་ཀྱི་ངོ་གདོང་བཙལ་ཞིང་རྨི་ལམ་གྱི་ཞིང་ནས་ཁྱོད་དང་ཐུག་འཕྲད་བྱས། 
         ཡིན་ན་མངོན་གསུམ་གྱི་ལག་འཇུ་དང་རེ་མོས་གྱི་གཏམ་གླེང་སོགས་ནི་བདག་གིས་བཏང་སེམས་ལས་གཞན་དུ་མ་འདས།
         ད་དུང་བདག་གིས་སེམས་མི་ཤི་བར་ཁྱོད་ཀྱི་འཇིག་རྟེན་དུ་བཙན་ཐེང་ཤིག་བྱ་ཐ་འདོད་དོ།
                                                                                    2015.12པར་བྲིས་ཤིང་2016.4པའི་བཅོས་ཁུལ་བྱས།  ༼ སྤྲིན་དམར། ༽

      

    ཕྱོགས་བསྡུས་གསར་འགྱུར།