འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ལས་དོན་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་མང་དུ་གཏོང་བ་དང་། གནམ་དྭངས་སུ་དང་ས་གཙང་དུ་གཏོང་བ། འབབ་ཆུའི་ཆུ་ཁུངས་དང་ཆུ་རྩྭ་གསོ་འཁྱོངས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་ཡིན་ཞིང་། རང་རྒྱལ་གྱིས་གཙང་གསུམ་ཆུ་འགོ་ནས་དཔེ་མཚོན་དང་ཚབ་མཚོན་ས་ཁོངས་བདམས་ཏེ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ལས་དོན་སྤེལ་བ་དང་། ཀྲུང་དབྱང་སྲིད་གཞུང་གིས་བདག་དབང་ཐད་ཀར་སྤྱོད་པའི་ལམ་བུ་འཚོལ་ཞིབ་བྱེད་པ། གཙང་གསུམ་ཆུ་འགོའི་གལ་ཆེའི་རང་བྱུང་ཐོན་ཁུངས་རྒྱལ་ཁབ་ལ་དབང་བ་དང་། དམངས་ཡོངས་ཀྱིས་མཉམ་རོལ་ཐུབ་པར་བྱེད་པ། མི་རབས་ནས་མི་རབས་བར་རྒྱུད་འཛིན་ཐུབ་པར་བྱེད་པ། རྒྱལ་ཁབ་རིམ་ངོས་ནས་གཙང་གསུམ་ཆུ་འགོའི་རང་བྱུང་སྣོད་བཅུད་ཀྱི་མ་ལག་སྲུང་སྐྱོང་དང་ཁྱོན་ཡོངས་ནས་སླར་གསོ་བྱེད་པ། རང་བྱུང་ཐོན་ཁུངས་ཡུན་རིང་གསོ་སྐྱོང་དང་མུ་མཐུད་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་མཉམ་གནས་ཡོང་བ་བྱེད་པ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དང་། འཛམ་གླིང་གི“མཐའ་སྣེ་གསུམ་པ”ཞེས་པའི་མཚོ་བོད་ས་མཐོའི་དཀྱིལ་ཁུལ་དུ་གནས་པ་དང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་ཡོད་པའི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པའི་གཙང་གསུམ་ཆུ་འགོ་ནི་རྒྱལ་ཁབ་ཀྱི་གལ་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཞིག་རེད། 2005ལོའི་ཟླ་བ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་གཞི་>>ལ་ཆོག་མཆན་གནང་ནས་ལག་ལེན་བསྟར་འགོ་ཚུགས་ཡོད། 2011ལོའི་ཟླ་བ་བཅུ་གཅིག་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་རྒྱ་སྤྱི་ལེ་ངོས་གྲུ་ཁྲི་39.5ཡོད་པའི་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་བསྐྲུན་རྒྱུའི་ཐག་བཅད་པའི་ནང་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་20.13ཟིན་ཡོད་པ་རེད།
         འབྲི་ཆུའི་ཆུ་འགོ་དང་། རྨ་ཆུའི་ཆུ་འགོ རྫ་ཆུའི་གླིང་བཅས་ཚུད་པའི་གླིང་ཁུལ་གསུམ་གྱི“གླིང་གཅིག་དང་ཁུལ་གསུམ”བསྐྲུན་རྒྱུའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་12.31ཟིན་པ་དེས་གཙང་གསུམ་ཆུ་འགོའི་རྒྱ་ཁྱོན་གྱི་31.16%བཟུང་ཡོད། གླིང་ཁུལ་གྱི་ཁྱབ་ཁོངས་དེ་ཚོད་ལྟའི་ལས་དོན་གྱི་རྨང་གཞིའི་ཐོག་བཟང་སྒྲིག་དང་ལེགས་སྒྲིག་འོས་འཚམ་བྱས་ནས་གཙང་གསུམ་ཆུ་འགོའི་རང་བྱུང་སྣོད་བཅུད་མ་ལག་ལ་སྔར་བས་སྲུང་སྐྱོང་གང་ལེགས་བྱ་རྒྱུ་ཡིན་པ་རེད།
         གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་ལས་འགན་ལྕི་བ་དང་ས་ཁོངས་སྣོད་བཅུད་མ་ལག་གི་ཉམས་ཞན་རང་བཞིན་དང་ཚོར་སྐྱེན་རང་བཞིན་སོགས་ཁྱད་ཆོས་ལ་དམིགས་པ་དང་། རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་ནན་པོ་དང་སྤྱི་ཡོངས་སྲུང་སྐྱོང་བྱ་རྒྱུ་མངོན་གསལ་དོད་དུ་གཏོང་བ། ནུས་པ་དབྱེ་འབྱེད་བྱ་རྒྱུ་གཅིག་གྱུར་ཡོང་བ་བྱེད་པ། ཕུགས་ཕན་སྲུང་སྐྱོང་ལམ་སྲོལ་འཛུགས་པ་བཅས་བྱས་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་ཉིད་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུ་དང་། སྣོད་བཅུད་ལེགས་གཏོང་དང་དམངས་འཚོ་ལེགས་གཏོང་གཉིས་མཐུན་སྦྱོར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འབྲོག་པ་དང་རྒྱལ་ཁབ་སྤྱི་གླིང་དབར་མཉམ་གཏོད་མཉམ་རོལ་གྱི་ལམ་སྲོལ་འཛུགས་པ། སྤྱི་ཚོགས་ཡོངས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་ནང་ཞུགས་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་སྤྱི་གླིང་དེ་ཉིད་གཙང་གསུམ་ཆུ་འགོའི་མཉམ་གཏོད་མཉམ་རོལ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྤེལ་ཁུལ་དུ་བསྐྲུན་རྒྱུ། སྣོད་བཅུད་ཚོད་ལྟ་དང་ཁོར་ཡུག་སློབ་གསོའི་འགྲེམས་སྟོན་རིན་ཐང་སྔོག་འདོན་གང་ལེགས་བྱས་ནས་རྒྱལ་ཁབ་སྤྱི་གླིང་དེ་ཉིད་མཚོ་བོད་ས་མཐོའི་རང་བྱུང་ཁམས་ཆེ་མོར་སྲུང་སྐྱོང་བྱ་ཚུལ་སྟོན་ཁུལ་དང་སྣོད་བཅུད་རིག་གནས་རྒྱུན་འཛིན་ཁུལ་དུ་བསྐྲུན་རྒྱུ་བཅས་རེད།
         “སླར་གསོ་བྱས་པའི་སྣོད་བཅུད་འབུར་དུ་ཐོན་པ་བྱ་རྒྱུ་དང་འབྲེལ་སྲུང་སྐྱོང་ནུས་ལྡན་ཡང་བྱ་རྒྱུ་དང་། མི་དང་རང་བྱུང་ཁམས་གཉིས་ཞི་མཐུན་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་འཚོལ་ཞིབ་བྱ་རྒྱུ། སྣོད་བཅུད་སྲུང་སྐྱོང་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་གཏོད་རྒྱུ། མ་དངུལ་འགན་སྲུང་གི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ། སྤྱི་ཚོགས་ཞུགས་རྒྱ་གོ་རིམ་ལྡན་པའི་སྒོ་ནས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཚོད་ལྟའི་ལས་དོན་ལེགས་སྒྲུབ་བྱ་རྒྱུ་དང་གཞན་ཡང་དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་གསར་གཏོད་བྱས་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་ཉིད་ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མིང་བྱང་ཞིག་དང་རྒྱལ་ཁབ་ཀྱི་གལ་ཆེའི་སྣོད་བཅུད་སྲུང་ཡོལ་གྱི་སྲུང་སྐྱོང་དཔེ་སྟོན་ཞིག་ཏུ་འགྱུར་བ་བྱས་ཏེ་མི་རབས་རྗེས་མར‘དག་ཞིང’ཞིག་འཇོག་རྒྱུ་ཡིན”ཞེས་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཧུའེ་ཉིང་གིས་བཤད་པ་རེད།
         གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དེ་ཀྲུང་དབྱང་སྲིད་གཞུང་གིས་ཐད་ཀར་སྤྱོད་རྒྱུ་དང་ཚོད་ལྟའི་ལས་དོན་སྤེལ་རིང་ཀྲུང་དབྱང་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ལ་སྤྱོད་རྒྱུའི་མངགས་བཅོལ་བྱ་རྒྱུ་རེད། འཆར་འགོད་གཞིར་བཟུང་2017ལོར་ཚོད་ལྟའི་ལས་དོན་ལེགས་གྲུབ་ཡོང་བའི་བརྩོན་ལེན་བྱ་རྒྱུ་དང་། 2020ལོའི་གོང་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་སྤྱིའི་ཇུས་གཞི་གཞིར་བཟུང་ཁར་ཚོད་ལྟའི་ལས་དོན་སྤེལ་ཚུལ་དང་ཟུང་འབྲེལ་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་བྱས་ནས་དངོས་སུ་འཛུགས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།