འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དངུལ་རྩའི་ལས་རིགས་ཀྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་ཕན་བཏགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི་སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སི་ནི་ལག་ཤེས་བཟོ་ལས་དང་། ས་གདན་དང་ཁ་གདན་བྲིན་ཚོང་ཀུང་སི་ཞིག་ཡིན་པ་དང་། ལོ་འགའ་ཤས་རིང་ས་གནས་དེ་གའི་ཞིང་ལས་དངུལ་ཁང་ནས་དངུལ་བུན་ཁྲི་2500གཡར་ནས་སྔོན་ཐོན་གྱི་ཐོན་སྐྱེད་ནང་འདྲེན་དང་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་བཏང་བས། ཁེ་ལས་མགྱོགས་མྱུར་སྟོབས་ཆེར་ཕྱིན་ཡོད། ད་ཆ་ཀུང་སི་དེར་མ་རྩ་ཁྱོན་སྒོར་དུང་ཕྱུར་1.5དང་ལས་ཞུགས་མི་སྣ་300ལྷག་ཙམ་ཟིན་ནས། བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་རེད།
         “གལ་སྲིད་དངུལ་རྩའི་འདེགས་སྐྱོར་གྱི་སྲིད་ཇུས་བཟང་པོ་དེ་འདྲ་ཞིག་མེད་ན། བཟོ་ཚོང་ཚད་ཡོད་ཀུང་སིར་ད་ཆའི་གྲུབ་འབྲས་དེ་འདྲ་ཐོབ་མི་སྲིད”ཅེས་ཀུང་སིའི་ཏུང་ཧྲི་ཀྲང་ཝུའེ་ཡ་ཕིང་གིས་ཉེ་བའི་ལོ་ཤས་རིང་གི་ཀུང་སིའི་འཕེལ་རྒྱས་ཀྱི་གནས་ཚུལ་གླེང་སྐབས་ཚོར་སྣང་ཟབ་མོ་དང་བཅས་ཏེ་བཤད་བྱུང་།
         འདས་པའི་ལོ་5ཡི་ནང་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་དངུལ་རྩའི་ལས་རིགས་དེ་ལོ་རྒྱུས་ཐོག་གི་འཕེལ་རྒྱས་མྱུར་ཤོས་ཀྱི་དུས་སྐབས་སུ་སླེབས་ཡོད། མིག་སྔར་བོད་དུ་དངུལ་ཁང་དང་། དངུལ་འཛིན། འགན་བཅོལ་བཅས་གཙོ་བོར་བྱས་པའི་གྲངས་ཉུང་དངུལ་བུན་ཀུང་སི་དང་། ཡིད་རྟོན་མངགས་བཅོལ་ཀུང་སི། མ་དངུལ་བསྡུ་སྒྲིལ་རང་བཞིན་གྱི་ཁག་ཐེག་ཀུང་སི་བཅས་ཁ་གསབ་ཏུ་བྱས་པའི་སྣ་མང་ཅན་གྱི་དངུལ་རྩའི་མ་ལག་ཅིག་ཆགས་ཡོད་པ་དེ་དག་གིས་བོད་ཀྱི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཅུས་ཀྱི་འགན་འཁུར་བས། མིག་སྔར་བོད་དུ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གཉིས་དང་། བཟོ་ཚོང་དང་། ཞིང་ལས། ཀྲུང་གོ འཛུགས་སྐྲུན་བཅས་གཞུང་ཁོངས་མ་རྐང་ལམ་ལུགས་ཀྱི་དངུལ་ཁང་བཞི་ཡོད། གཞན་ཡང་སྦྲག་སྲིད་གསོག་འཇོག་དངུལ་ཁང་དང་། ཀྲུང་གོ་ཡིད་རྟོན་དངུལ་ཁང་། དམངས་འཚོ་དངུལ་ཁང་། བོད་ལྗོངས་དངུལ་ཁང་། ཉིང་ཁྲིའི་གྲོང་རྡལ་དངུལ་ཁང་། བོད་ལྗོངས་ཡིད་རྟོན་མངགས་བཅོལ། བོད་ལྗོངས་དངུལ་རྩ་བོགས་གཡར་ཚད་ཡོད་ཀུང་སི་སོགས་དངུལ་རྩའི་སྒྲིག་གཞི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ད་ཆ་དངུལ་རྩའི་ལས་རིགས་དེ་བོད་ཀྱི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཀྱི“ཚ་འདེད་ཡོ་ཆས”ཤིག་ཏུ་གྱུར་ཡོད་ཅིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། འདས་ཟིན་པའི་ལོ་5ཡི་ནང་བོད་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་793.89ཟིན་པ་དེ་2010ལོ་ལས་སྒོར་དུང་ཕྱུར་674.89འཕར་ནས་འཕར་ཚད་དེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཚད་གཞི་མཐོ་ཤོས་བཏོད་ཡོད་པ་དང་། དངུལ་བུན་ཁག་མགྱོགས་མྱུར་འཕར་ནས་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་མ་སྒོར་དུང་ཕྱུར་2130.87ཟིན་ནས་ལོ་5ཡི་ནང་སྒོར་དུང་ཕྱུར་1829.05འཕར་ཏེ་ཡིད་རྟོན་དངུལ་བུན་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
         ལོ་5ཡི་རིང་བོད་ཀྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་དང་། ཞིང་ལས་དང་འབྲེལ་བའི་དངུལ་བུན། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་བཅས་འཕར་མྱུར་དུ་ཕྱིན་ཡོད་པ་དང་དེའི་ནང་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་མ་སྒོར་དུང་ཕྱུར་777.62དང་། ཞིང་ལས་དང་འབྲེལ་བའི་དངུལ་བུན་སྒོར་དུང་ཕྱུར་413.04 དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར་293.08བཅས་ཟིན་པ་དེ་དག་2010ལོ་ལས་སྒོར་དུང་ཕྱུར་672.94དང་། སྒོར་དུང་ཕྱུར་356.85 སྒོར་དུང་ཕྱུར་273.44བཅས་སོ་སོར་འཕར་ཡོད་པ་རེད།
         བོད་ཀྱིས་སླད་ཕྱིན་གྱི་ལོ་5ཡི་ནང་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ཀྱི་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དངུལ་རྩའི་མ་རྩ་དང་སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་རྨང་གཞིའི་སྒྲིག་བཀོད་དང། “ཞིང་གསུམ”དངོས་ཚན་དཔལ་འབྱོར་བཅས་ལ་བཏང་ནས་དངུལ་བུན་གྱི་གཞི་ཁྱོན་དང་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མཐུན་སྦྱོར་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་དངུལ་རྩའི་འདེགས་སྐྱོར་དེ་བས་མང་བ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།