འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གི་དབུལ་པོའི་ཁྱིམ་ཚང་གི་སློབ་ཆེན་སློབ་མར་སློབ་ཡོན་རོགས་དངུལ་དང་མ་མཐའི་
    འཚོ་རྟེན་འགན་སྲུང་ཐོབ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་《དབུལ་པོའི་ཁྱིམ་ཚང་གི་སློབ་ཆེན་སློབ་མར་རོགས་དངུལ་སྤྲོད་རྒྱུའི་ལག་བསྟར་བྱ་ཐབས་》ཞེས་པ་གཏན་འབེབས་བྱས་ནས་བཏོན་པས། སློབ་གསོའི་རོགས་སྐྱོར་སྲིད་ཇུས་ཐད་ཀྱི"མི་འདང་ས"ཁ་གསབ་བྱས་པ་དང་། དབུལ་པོའི་ཁྱིམ་ཚང་གི་སློབ་ཆེན་སློབ་མ་ཚོར་སློབ་གཉེར་བརྒྱུད་རིམ་ཧྲིལ་པོར་རོགས་དངུལ་སྤྲད་དེ་མཐོ་རིམ་སློབ་གསོ་དང་ལེན་བྱེད་རྒྱུའི་གོ་སྐབས་སྔར་ལས་མང་བ་ཐོབ་པར་འབྱུང་རྒྱུ་རེད། 《ལག་བསྟར་བྱ་ཐབས་》དེ་2016ལོའི་ཟླ་བ་8པ་ནས་ལག་བསྟར་བྱེད་འགོ་རྩོམ་རྒྱུ་རེད།
         མཚམས་སྦྱོར་བྱས་པ་ལྟར་ན། 《ལག་བསྟར་བྱ་ཐབས་》ཞེས་པའི་ནང་དུ་སྔོན་མའི་ཐེངས་གཅིག་རང་བཞིན་གྱི་དངུལ་བུན་ལེན་ཐབས་དེ་སློབ་གཉེར་བརྒྱུད་རིམ་ཧྲིལ་པོར་རོགས་དངུལ་སྤྲོད་རྒྱུར་བཟོ་བཅོས་གཏན་འབེབས་བྱས་ཡོད་ཅིང་། སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་ནས་སློབ་མཐར་ཕྱིན་པའི་བར་དུ་(རིང་ཤོས་ལོ་4ཡིན་ཞིང་། གསོ་རིག་ཆེད་སྦྱོང་ཚན་ཁག་དེའི་ནང་དུ་ཚུད་མེད)རོགས་དངུལ་སྤྲོད་རྒྱུ་རེད། རོགས་དངུལ་གྱི་ཚད་གཞི་སྔར་ལས་མང་དུ་ཆེན་པོ་བཏང་བ་སྟེ། དངོས་གཞི་ཚན་ཁག་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་སློབ་ཆེན་དང་སློབ་གླིང་དུ་རྒྱུགས་འཕྲོད་པའི་སློབ་མ་མི་རེར་ལོ་རེར་རོགས་སྐྱོར་སློབ་ཡོན་སྒོར་7000དང་། ཆེད་སྦྱོང་ཚན་ཁག་ཏུ་རྒྱུགས་འཕྲོད་པའི་སློབ་མ་མི་རེར་ལོ་རེར་རོགས་སྐྱོར་སློབ་ཡོན་སྒོར་6000། དེ་བཞིན་མཐོ་རིམ་ལས་རིགས་སློབ་གསོའི་སློབ་ཆེན་དང་སློབ་གླིང་དུ་རྒྱུགས་འཕྲོད་པའི་སློབ་མ་མི་རེར་ལོ་རེར་རོགས་སྐྱོར་སློབ་ཡོན་སྒོར་5000བཅས་སྤྲོད་རྒྱུ་རེད། རོགས་དངུལ་གྱི་ནང་དུ་སློབ་ཡོན་དང་འཚོ་བའི་གྲོན་དངུལ་འདུས་ཡོད་པ་དང་། རོགས་སྐྱོར་སློབ་ཡོན་ཐོབ་པའི་སློབ་ཆེན་གྱི་སློབ་མ་ཚོ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་གྲངས་ཚང་ལྟར་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཁོངས་སུ་བཅུག་སྟེ་ཟླ་རེ་བཞིན་དུ་འཚོ་བའི་གྲོན་དངུལ་རོགས་སྐྱོར་བྱ་རྒྱུ་རེད། སློབ་ཡོན་རོགས་སྐྱོར་གྱི་ཆ་རྐྱེན་མི་འདང་ཡང་འཚོ་བའི་གྲོན་དངུལ་རོགས་སྐྱོར་གྱི་ཆ་རྐྱེན་འཛོམས་པའི་སློབ་མ་ཚོ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཁོངས་ནང་བཅུག་ནས་འཚོ་བའི་གྲོན་དངུལ་རོགས་སྐྱོར་ལོངས་སུ་སྤྱོད་རྒྱུ་དང་། ཚད་གཞི་ནི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ལ་འགྱུར་བ་བྱུང་བ་དང་བསྟུན་ནས་ལེགས་སྒྲིག་བྱ་རྒྱུ་རེད།
         ཤེས་གསལ་ལྟར་ན། དབུལ་པོའི་ཁྱིམ་ཚང་གི་སློབ་ཆེན་སློབ་མར་སློབ་གཉེར་བརྒྱུད་རིམ་ཧྲིལ་པོར་སློབ་ཡོན་དང་འཚོ་བའི་གྲོན་དངུལ་རོགས་སྐྱོར་བྱ་ཐབས་ལག་བསྟར་བྱ་རྒྱུར་ལོ་རེར་རོགས་དངུལ་སྤྲོད་རྒྱུའི་མི་གྲངས་800ཡས་མས་ཡོད་ཅིང་། རོགས་དངུལ་སྒོར་ཁྲི་867ཡས་མས་དགོས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།