འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་པར་ཙིར་ལ་རིག་ནུས་གྲོང་ཁྱེར་སྐྲུན་རོགས་བྱས་པ།

    པར་ཙིར་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། སུའོ་ཧུང་དབྱི།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉེ་ཆར་ཀྲུང་གོ་ཧྭ་ཝུའེ་ཀུང་སི་དང་པར་ཙིར་ནན་ལི་ཨོ་ཀེ་ལན་ཏེ་ཀྲོའུ་གནམ་བདག་ཆོས་ལུགས་སློབ་ཆེན་རིག་ནུས་གྲོང་ཁྱེར་མཉམ་འབྲེལ་གསར་གཏོད་ལྟེ་གནས་དངོས་སུ་བཙུགས་ཏེ་སློབ་གྲྭ་དེའི་ཚན་རྩལ་གླིང་ཁུལ་ནང་གི་ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱས་ནས་སྐྲུན་པའི་གསར་གཏོད་ལྟེ་གནས་ཨང་དང་པོ་དེར་གྱུར་ཡོད། གསར་གཏོད་ལྟེ་གནས་བསྐྲུན་པའི་དམིགས་ཡུལ་ནི“རིག་ནུས་གྲོང་ཁྱེར”གྱི་ཐ་སྙད་དེ་དངོས་ཡོད་ནང་མཚོན་པར་བྱེད་པ་དང་སྤྲིན་ཚོགས་རྩིས་རྒྱག་དང་། དངོས་ཟོག་དྲ་སྦྲེལ། གཞི་གྲངས་ཆེན་པོ་སོགས་ཆ་འཕྲིན་ལག་རྩལ་རབས་གསར་པར་བརྟེན་ནས་ས་གནས་དེ་ག་དང་དེ་བས་མང་བའི་པར་ཙིར་གྱི་གྲོང་ཁྱེར་ལ་རིག་ནུས་ལྡན་པའི་དོ་དམ་དང་འཁོར་སྐྱོད་བྱེད་རོགས་བྱ་རྒྱུ་དེ་རེད།
         རིག་ནུས་གྲོང་ཁྱེར་དེ་ཆ་འཕྲིན་དུས་རབས་ཀྱི་གྲོང་ཁྱེར་གྱི་རྣམ་པ་གསར་པ་ཞིག་ཡིན་པའི་ངོས་ནས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་གོང་འཕེལ་འགྲོ་བཞིན་ཡོད། ཧྭ་ཝུའེ་པར་ཙིར་ཀུང་སིའི་ཙུང་ཚའེ་གཞོན་པ་ལིའུ་ཝུའེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་རིག་ནུས་གྲོང་ཁྱེར་བསྐྲུན་རྒྱུའི་ཐད་པར་ཙིར་གྱི་གྲོང་ཁྱེར་མང་པོའི་དྲ་ཆེན་སོགས་རྨང་གཞིའི་སྒྲིག་བཀོད་ཀྱིས་ད་དུང་མཐོ་རིམ་བཀོལ་སྤྱོད་ལ་འདེགས་སྐྱོར་མི་ཐུབ་པར་བརྟེན་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་ནི་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཨང་དང་པོ་དེ་རེད་ཅེས་བརྗོད་བྱུང་།
         ཧྭ་ཝུའེ་ཀུང་སི་པར་ཙིར་གྱི་ཁྲོམ་རར་ཞུགས་ནས་ལོ་16སོང་རིང་པར་ཙིར་གྱི་འཕྲིན་གཏོང་གཉེར་སྐྱོང་ཚོང་པ་གཙོ་བོ་ཁག་དང་མཉམ་ལས་བྱས་ནས་པར་ཙིར་གྱི་དྲ་རྒྱའི་སྒྲིག་ཆས་ཁྲོམ་རའི་མཁོ་འདོན་ཚོང་པ་གཙོ་བོར་གྱུར་ཡོད་ལ་སླད་ཕྱིན་པར་ཙིར་གྱི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་དེ་བས་མང་བའི་སྒོ་ནས་ཞུགས་འདོད་ཡོད་པ་རེད།
         ཧྭ་ཝུའེ་དང་པར་ཙིར་གྱི་སློབ་གྲྭ་ཆེ་ཁག་ཕལ་ཆེ་བ་མཉམ་ལས་བྱེད་མྱོང་ཡོད་པ་དང་ད་རེས་ཡོངས་བསྒྲགས་བྱས་པའི་གསར་གཏོད་ལྟེ་གནས་དེ་ནི་པར་ཙིར་གྱི་རིག་ནུས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་ཚོད་ལྟ་གསར་པ་ཞིག་རེད། ཧྭ་ཝུའེ་རིག་ནུས་གྲོང་ཁྱེར་ཐག་གཅོད་ཇུས་གཞིའི་སྤྱི་ཁྱབ་ཅིང་ལི་ཞུས་ཤིན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་མཐོ་སློབ་ལ་ཤེས་ལྡན་པའི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་ཚན་ཞིབ་ཉམས་མྱོང་ཡོད་པས་ཧྭ་ཝུའེ་ཡིས་དེར་ལག་རྩལ་གསར་ཤོས་དང་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་ཐུབ་པ་མ་ཟད། གསར་གཏོད་ལྟེ་གནས་བཙུགས་པ་དེས་ཕྱོགས་གཉིས་དབར་མཉམ་འབྲེལ་ཐུབ་སྟེ་རྣམ་པ་གསར་པ་ཞིག་ཐུན་མོང་ཐོག་བཏོད་ནས་ཚན་རིག་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུ་རེད་ཅེས་བརྗོད་བྱུང་།
         ཧྭ་ཝུའེ་ཡིས་གསར་གཏོད་ལྟེ་གནས་དེ་སྒོ་དབྱེ་རང་བཞིན་གྱི་མཉམ་ལས་ལས་སྟེགས་ཤིག་ཏུ་གཏན་འཁེལ་བྱས་ཡོད། ལིའུ་ཝུའེ་ཡིས་ད་རེས་སློབ་ཆེན་གནས་སའི་ཨ་ལུའེ་ཀེ་ལི་གྲུ་ཁའི་གྲོང་ཁྱེར་དང་དེ་བཞིན་ནན་ལི་ཨོ་ཀེ་ལན་ཏེ་ཀྲོའུ་དབར་གྱི་མཉམ་ལས་དེ་ཐོན་རྫས་ཉོ་ཚོང་ཐོག་བཙུགས་མེད་པར་སྲིད་གཞུང་སྡེ་ཚན་དང་། ཁེ་ལས། མཐོ་སློབ་བཅས་དབར་གྱི་སྟོབས་ཤུགས་གཅིག་སྡུད་ལ་བརྟེན་ནས་ཐུན་མོང་ཐོག་ལས་རིགས་ཀྱི་རྨང་གཞི་བསྒྲུབ་རྒྱུ་དེ་རེད་ཅེས་བརྗོད་པ་རེད།
         ཡོལ་ཁེབས་ཕྱེ་བའི་མཛད་སྒོར་ཞུགས་མཁན་ནན་ལི་ཨོ་ཀེ་ལན་ཏེ་ཀྲོའུ་ཡི་ཀྲོའུ་ཀྲང་རོ་ཙེ་·སར་ཐོ་ལི་ཡིས་གསར་གཏོད་ལྟེ་གནས་ཀྱི་མཉམ་ལས་དེ་རིགས་ཀྱིས་ཚན་རྩལ་གྱི་གྲུབ་འབྲས་དེ་རིག་གཞུང་ཞིབ་འཇུག་ནས་དངོས་ཡོད་བཀོལ་སྤྱོད་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་མ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་མདུན་སྐྱོད་ཀྱི་སྒུལ་ཤུགས་སྦྱིན་ཡོད། “པར་ཙིར་དང་ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་རྙོག་འཛིང་ཆེ་བའི་འགྲན་སློང་འཕྲད་བཞིན་ཡོད་པ་དང་ཚན་རྩལ་དང་གསར་གཏོད་ཀྱིས་ང་ཚོར་འགྲན་སློང་ཐག་གཅོད་དང་འབྱུང་འགྱུར་ལ་ཁ་ཕྱོགས་རྒྱུར་གོ་སྐབས་གལ་ཆེན་བཏོད་ཡོད། ཚན་རྩལ་གསར་པ་བཀོལ་སྤྱོད་བྱ་རྒྱུ་དེས་དཔལ་འབྱོར་བྱེད་སྒོ་ལེགས་སྒྲིག་བྱ་རྒྱུར་ཕན་ཐོགས་ཡོད་པས་མི་ཚོར་ཆུ་ཚད་མཐོ་བའི་འཚོ་བ་བཏོད་པ་དང་དེ་བས་ལེགས་པའི་གྲོང་ཁྱེར་དང་དེ་བས་ལེགས་པའི་རྒྱལ་ཁབ་བསྐྲུན་རོགས་བྱ་རྒྱུ་རེད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།