འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སིང་ཀ་ཕོར་གྱི་ཁེ་ལས་ཀྱིས་གྲངས་གཞིའི་ཤེས་ལྡན་མི་སྣར་དགའ་པོ་བྱེད་པ།

    ཐེ་ལན་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཡུས་དབྱི་ཁྲུན་གྱིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         སིང་ཀ་ཕོར་སྲིད་གཞུང་གིས་2014ལོར“རིག་ནུས་རྒྱལ་ཁབ་2025”འཆར་གཞི་བཀོད་དེ་གླིང་ཕྲན་ཧྲིལ་པོར་ཁྱབ་པའི་རྨང་གཞིའི་སྒྲིག་བཀོད་དང་བཀོལ་སྤྱོད་མ་ལག་བཙུགས་ནས་གྲངས་གཞི་འཚོལ་བསྡུ་དང་། འབྲེལ་མཐུད། དབྱེ་ཞིབ་བཅས་ཐད་སྤྱོད་རྒྱུ་ཡིན་པ་དང་ན་ནིང་ཟླ་8པར་བཏོན་པའི་གོ་ལ་ཧྲིལ་པོའི་རིག་ནུས་རྒྱལ་ཁབ་ཀྱི་འཆར་གཞི་ཏེ་《2025ལོར་སླེབས་སྐབས་དཔྱད་འཕྲིན་འཕྲིན་གཏོང་སྨྱན་སྦྱོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་》ཀྱིས་སིང་ཀ་ཕོར་གྱི་དཔྱད་འཕྲིན་འཕྲིན་གཏོང་ལས་རིགས་(ཆ་འཕྲིན་འཕྲིན་གཏོང་ལས་རིགས)དང་སྨྱན་སྦྱོར་ལས་རིགས་ཀྱི་འབྱུང་འགྱུར་ལོ་10ཡི་འཕེལ་རྒྱས་ཐད་གཞི་རྩའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སིང་ཀ་ཕོར་རིག་ནུས་རྒྱལ་ཁབ་ཀྱི་ཕྱོགས་སུ་སྐྱོད་པ་དང་ཆབས་ཅིག་སིང་ཀ་ཕོར་གྱི་ཁེ་ལས་མང་པོས་གྲངས་གཞི་དབྱེ་ཞིབ་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་འགོ་ཚུགས་ཡོད།
         སིང་ཀ་ཕོར་ནན་དབྱང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་ནན་དབྱང་ཚོང་ལས་སློབ་གླིང་གི་ཡོན་ཀྲང་དགེ་རྒན་ཆེ་མོ་བ་ལ་ཝུའེ·ཀུའུ་མ་ཡིས་ཉེ་བའི་ལོ་ཤས་རིང་སིང་ཀ་ཕོར་གྱི་ཁེ་ལས་དེ་བས་མང་བས་སྲོལ་རྒྱུན་གྱི་ལས་གནས་ཐོག་ལས་ཀ་བྱེད་མཁན་ལས་མིས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་གཞི་རྩའི་གྲངས་གཞི་དབྱེ་ཞིབ་མཉེན་ཆས་ཀྱི་ནུས་པ་སྤྱོད་ཤེས་པ་བྱེད་དགོས་པའི་རེ་བ་བཏོན་པ་མ་ཟད། ད་དུང་སྲོལ་རྒྱུན་མ་ཡིན་པའི་ཚན་རྩལ་ཁེ་ལས་དཔེར་ན་བརྡ་ཆ་ཀུང་སི་དང་། དངུལ་རྩའི་ཁེ་ལས། བློ་འདྲིའི་སྒྲིག་གཞི། ཨར་ཁང་སོགས་ཀྱིས་གྲངས་གཞིའི་ཆེད་ལས་ཤེས་ལྡན་མི་སྣ་གདན་ཞུ་བྱེད་འགོ་བརྩམས་ཡོད་ཅེས་ངོ་སྤྲོད་བྱས།
         གྲངས་གཞིའི་ཆེད་ལས་ཤེས་ལྡན་མི་སྣས་སྲོལ་རྒྱུན་མ་ཡིན་པའི་ཚན་རྩལ་ཁེ་ལས་ནང་ནུས་པ་གང་དག་འདོན་ཐུབ་མིན་ཐད་ཀུའུ་མ་ཡིས་གསར་འགོད་པར་དཔེ་འགའ་དྲངས་ཡོད་པ་སྟེ། དང་ཐོག་ཁེ་ལས་ཀྱིས་གྲངས་གཞིའི་དབྱེ་ཞིབ་བརྒྱུད་སྤྱོད་མཁན་གྱི་གནས་ཚུལ་ཤེས་རྟོགས་དེ་བས་ལེགས་པ་བྱེད་པ་དཔེར་ན། ཁེ་ལས་གཅིག་གིས་ཐོན་རྫས་བྲིན་སྐུལ་བྱེད་སྒོ་སྤེལ་བར་གྲངས་གཞིའི་དབྱེ་ཞིབ་བྱེད་པ་བརྒྱུད་འཛད་སྤྱོད་པའི་ཉོ་གྲུབ་ཀྱི་རྣམ་པ་སྔོན་ལ་གཏོད་ཐུབ་པ་ལྟ་བུ་དང་། གཉིས་ནས་ཀུང་སིའི་གཉེར་སྐྱོང་ཐད་གྲངས་གཞིའི་དབྱེ་ཞིབ་ཀྱིས་སྲོལ་རྒྱུན་གྱི་ཁེ་ལས་ལེགས་འགྱུར་བརྒྱུད་རིམ་ལ་རོགས་རམ་ཐུབ་པ་དཔེར་ན་མཛོད་ཉར་གྱི་དགོས་མཁོ་སྔོན་དཔགས་བྱས་ནས་ཡོང་སྒོ་འཕར་སྣོན་དང་གཏོང་སྒོ་གྲོན་ཆུང་བྱེད་ཐུབ་པ་ལྟ་བུའོ།
          ཀུའུ་མ་ཡིས་སིང་ཀ་ཕོར་གྱི་ཁེ་ལས་ལ་མཁོ་བའི་གྲངས་གཞིའི་ཆེད་ལས་ཤེས་ལྡན་མི་སྣས་གྲངས་གཞི་དབྱེ་ཞིབ་ཀྱི་ཡོ་ཆས་ཡང་དག་སྤྱོད་ཤེས་པ་བྱེད་དགོས་པ་མ་ཟད། ད་དུང་ཚོང་ལས་ཀྱི་དོགས་གཞི་གསལ་འགྲེལ་ཡང་བྱས་ནས་མཐར་སྤྱོད་གོ་ཆོད་པའི་ཚོང་ལས་ཀྱི་བསམ་འཆར་འདོན་ཐུབ་པ་དགོས་པ་དེ་ནི་ཁེ་ལས་ཤིག་འགྲན་ཡ་ལས་རྒྱལ་ཐུབ་པ་བྱེད་པའི་བྱ་ཐབས་ཀྱི་གྲས་ཤིག་རེད་ཅེས་འགྲེལ་བཤད་བརྒྱབ་ཡོད།
         ཉིན་བཞིན་ཆེ་རུ་འགྲོ་བའི་ཁྲོམ་རའི་དགོས་མཁོར་ཕྱོགས་སྐབས་གྲངས་གཞིའི་ཆེད་ལས་ཤེས་ལྡན་མི་སྣ་མི་འདང་བ་དེ་སིང་ཀ་ཕོར་གྱི་ཁེ་ལས་ཁག་གཅིག་ལ་འཕྲད་པའི་འགྲན་རྩོད་ཅིག་ཏུ་གྱུར་ཡོད། ཁེ་ལས་ཁག་གཅིག་གིས་ཕྱི་རྒྱལ་དུ་གྲངས་གཞི་དབྱེ་ཞིབ་ཚོགས་པ་འཛུགས་རྒྱུའི་བདམ་ག་བྱེད་ཀྱི་ཡོད། སིང་ཀ་ཕོར་གྱི་ས་གནས་དེ་གའི་སློབ་ཆེན་གྱིས་ཉེ་བའི་ལོ་ཤས་ནང་གྲངས་གཞི་དབྱེ་ཞིབ་ཁྱབ་ཁོངས་སུ་སློབ་ཚན་གསར་པ་བཀོད་སྒྲིག་བྱས་པ་མ་ཟད་འབྲེལ་ཡོད་རིག་ཚན་དུ་སློབ་མ་བསྡུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་དཔེར་ན། སིང་ཀ་ཕོར་དོ་དམ་སློབ་ཆེན་ཆ་འཕྲིན་མ་ལག་སློབ་གླིང་གིས་2011ལོར་ཁྱབ་གདལ་བཏང་བའི་ཚོང་ལས་ཆ་འཕྲིན་ལག་རྩལ་གྱི་རབ་འབྱམས་པའི་(གྲངས་གཞི་དབྱེ་ཞིབ་རིག་པའི)སློབ་ཚན་བཀོད་སྒྲིག་བྱས་པ་ནི་དེ་དང་འདྲ་བའི་ཆེད་ལས་ཀྱི་རབ་འབྱམས་པའི་སློབ་ཚན་ཨེ་ཤེ་ཡར་ཐོག་མ་དེ་ཡིན་པ་རེད། 《མཉམ་འབྲེལ་ཞོགས་པའི་ཚགས་པར་》ཐོག་གནས་ཚུལ་སྤེལ་བ་ལས་མངོན་གསལ། འདི་ལོའི་ཟླ་8པར་སིང་ཀ་ཕོར་དོ་དམ་སློབ་ཆེན་གྱིས་ད་དུང་དམིགས་སའི་རང་བཞིན་ལྡན་པའི་དངུལ་རྩའི་ཞབས་ཞུ་དང་དབྱེ་ཞིབ་རིག་པའི་རབ་འབྱམས་པའི་སློབ་ཚན་བཀོད་སྒྲིག་བྱས་ཏེ་སློབ་མ་40བསྡུ་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།