འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་ཀྲོའུ་ཡིས“སྣོད་བཅུད་ལ་བརྟེན་ནས་ཀྲོའུ་འཛུགས་སྐྱོང་”གི་བྱ་ཐབས་སྤྱད་དེ་
    འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བརྟན་པོ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་10ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “དུད་ཚང་དང་མི་ཚང་མར་ཁ་གསབ་རོགས་དངུལ་ཡོད་པས། ཕྱུགས་ཟོག་འཚོ་བ་དང་ས་ཞིང་འདེབས་རྒྱུར་འཐུས་ཤོར་འགྲོ་གི་མི་འདུག”ཅེས་བོད་རིགས་ཞིང་པ་བསོད་ནམས་ཀྱིས་བཤད་པ་དང་། ཁོང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧོང་ཕོ་གྲོང་ཚོ་ཨུ་ཡོན་ལྷན་བློ་བཟང་གྲོང་ཚོ་གྲོང་མི་ཚོགས་ཆུང་ནས་ཡིན་པ་རེད། གྲོང་ཚོ་གཞན་དང་མི་འདྲ་བ་ཞིག་ནི་བློ་བཟང་གྲོང་མི་ཚོགས་ཆུང་པོ་ཏྭ་མཚོ་རྒྱལ་ཁབ་སྤྱི་གླིང་ནང་གནས་པ་དང་། དེ་ཁུལ་གྱི་ཡུལ་སྐོར་ལ་བརྟེན་ནས་སྡེ་ཁུལ་སྐྱོང་བའི་སྲིད་ཇུས་ཀྱིས། གྲོང་མི་ཚོའི“རི་ཁའི་ལྟོ་རྟེན་རི་ཡིན་པའི”བྱ་ཐབས་རྙིང་པར་འགྱུར་ལྡོག་བྱུང་ནས་ནགས་རི་ལྟ་སྲུང་བྱེད་མཁན་ཞིག་ཏུ་གྱུར་ཡོད་པ་རེད།
         ཉེ་བའི་ལོའི་རིང་འབྲི་ཆུའི་སྟོད་རྒྱུད་དུ་གནས་པའི་བདེ་ཆེན་ཀྲོའུ་རུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་བློ་བཟང་གྲོང་ཚོ་དང་འདྲ་བར་དེ་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་ལྟ་ཚུལ་ཞིག་ཏུ་གྱུར་ཡོད་པ་དང་། བདེ་ཆེན་ཀྲོའུ་ཡིས“སྣོད་བཅུད་ལ་བརྟེན་ནས་ཀྲོའུ་འཛུགས་སྐྱོང”གི་བྱ་ཐབས་སྤྱད་དེ་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བསྐྲུན་ཡོད་པ་རེད།
         བདེ་ཆེན་ཀྲོའུ་ནི་འཛམ་གླིང་ཐོག་གི་རང་བྱུང་ཤུལ་བཞག“གཙང་གསུམ་མཉམ་འདུས”ཀྱི་ལྟེ་བའི་རྒྱུད་དང་། རང་རྒྱལ་གྱི་སྐྱེ་དངོས་རིགས་ཕུན་སུམ་ཚོགས་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ནགས་སའི་རྒྱ་ཁྱོན་མུའུ་ཁྲི་2826.6ཟིན་ཞིང་། ན་ནིང་བར་བདེ་ཆེན་ཀྲོའུ་ལ་ནགས་ཚལ་ཁེབས་ཚད་སྔོན་དཔག་ལྟར་ན་74.9% དང་ནགས་ཤིང་གསོག་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2.64ཟིན་ནས“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་1%དང་9.5%སོ་སོར་འཕར་ཡོད་པ་རེད།
         བློ་བཟང་གྲོང་ཚོའི་ཡུལ་མི་རྣམས་དེ་སྔོན་འཚོ་བ་དབུལ་པོ་ཡིན་པ་དང་། པོ་ཏྭ་མཚོ་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྗེས། སྤྱི་ལེ་ངོས་གྲུ་600ལྷག་ཙམ་ཟིན་པའི་ས་ཁོངས་སྲུང་སྐྱོང་ལེགས་པར་བྱས་ཡོད་ཅིང་། པོ་ཏྭ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྡེ་ཁུལ་མཐུན་སྦྱོར་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ཧོ་ཐང་གིས“སྤྱི་གླིང་བསྐྲུན་ཟིན་མོད། འོན་ཀྱང་གྲོང་མི་ཚོར་སྣོད་བཅུད་ཕན་གསབ་དང་འཚོ་བར་འགན་ལེན་ཡོད་ཚེ། ཚང་མས་རང་འགུལ་ངང་ནགས་ཚལ་སྲུང་སྐྱོང་བྱེད་ངེས”ཞེས་བཤད།
         2006ལོ་ནས་བཟུང་པོ་ཏྭ་མཚོ་རྒྱལ་ཁབ་སྤྱི་གླིང་གིས། ཡུལ་སྐོར་ལ་བརྟེན་ནས་སྡེ་ཁུལ་སྐྱོང་བའི་སྲིད་ཇུས་ལག་ལེན་བསྟར་ནས་སྤྱི་གླིང་ནང་གི་གྲོང་རྡལ་དག་ལྟེ་བའི་ཁུལ་དང་། རིགས་གཉིས་ཁུལ། རིགས་གསུམ་ཁུལ་བཅས་རིམ་པ་གསུམ་དུ་ཕྱེ་ནས་རིགས་དབྱེ་བཞིན་ཁ་གསབ་རོགས་དངུལ་སྤྲད་པ་རེད། བློ་བཟང་གྲོང་ཚོ་དེ་ཉིད་ལྟེ་བའི་ཁུལ་དུ་གནས་པས། དུད་ཚང་33ཚང་མར་བསོད་ནམས་དང་འདྲ་བར་ཁ་གསབ་རོགས་དངུལ་ལེན་རྒྱུ་བྱུང་ཡོད་པ་རེད། བསོད་ནམས་ཀྱིས་ནས་དང་ཞོག་ཁོག་སོགས་ཞིང་ལས་སྐྱེ་དངོས་མུའུ་ཁ་ཤས་བཏབ་པ་ཕུད། ད་དུང་མཛེས་ལྗོངས་ཁུལ་ནང་གླ་པ་བྱས་པས་ཡོང་འབབ་ཀྱང་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས། ད་ཆ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་། འདྲུད་འཐེན་འཕྲུལ་འཁོར། གློག་ཆས་བཅས་ཆ་ཚང་ཉོས་ཡོད་ཅིང་། བསོད་ནམས་ཀྱིས“ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག དེ་དག་ཚང་མ་ནགས་ཤིང་སྲུང་སྐྱོང་བྱས་པ་ལས་བྱུང་བ་ཞིག་ཡིན། གལ་ཏེ་རི་སྟེང་གི་ནགས་ཤིང་ཚང་མ་བཅད་ཚེ་རྗེས་མ་མི་སུ་ཞིག་ང་ཚོའི་འདི་གར་ཡུལ་སྐོར་དུ་ཡོང་སྲིད་དམ”ཞེས་བཤད།
         “ཡུལ་སྐོར་ལ་བརྟེན་ནས་སྡེ་ཁུལ་སྐྱོང་རྒྱུ”ནི་བདེ་ཆེན་ཀྲོའུ་ཡིས“སྣོད་བཅུད་ལ་བརྟེན་ནས་ཀྲོའུ་འཛུགས་སྐྱོང”གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གཏོད་པའི་བྱ་ཐབས་རབ་དང་རིམ་པའི་གྲས་ཤིག་ཡིན་ཞིང་། བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀུའུ་ཁུན་གྱིས། “སེམས་ཀྱི་ཉི་ཟླ་ནི་ང་ཚོའི་མིང་བྱང་ཞིག་དང་། ནགས་ཚལ་ནི་བདེ་ཆེན་ཀྲོའུ་ཡི་རྒྱུ་ནོར་ཞིག་ཡིན་པས། སྔོ་ལྗང་མཛེས་ལྗོངས་དེ་དག་སྲུང་སྐྱོང་བྱེད་པ་ནི་བདེ་ཆེན་ཀྲོའུ་མི་དམངས་ཀྱི་ཆེད་དུ་ཡིན་ལ། འབྲི་ཆུའི་སྟོད་རྒྱུད་དང་རྒྱལ་ཡོངས་མི་དམངས་ཀྱི་ཆེད་དུའང་ཡིན། དེ་ཁུལ་གྱི་རི་ཆུ་ཀླུང་གསུམ་སྔོ་ཞིང་དྭངས་ལ་མཁའ་རླུང་གཙང་མ་ཡོད་པས། དེ་ལྟ་བུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི། ང་ཚོའི་དོར་ཐབས་མེད་པའི་འོས་འགན་ཞིག་ཡིན”ཞེས་བཤད།
         བདེ་ཆེན་ཀྲོའུ་ནགས་ལས་ཅུས་ཀྱི་བརྟག་ཞིབ་པ་ཝང་ཏེ་མིང་གིས། “བདེ་ཆེན་ཀྲོའུ་ཡི་ས་ཁོངས་སུ་སྤྱི་ལེ་430ཙམ་གྱི་སར་འབྲི་ཆུ་རྒྱུག་བཞིན་པ་དང་། འབྲི་ཆུར་འདུས་པའི་རིམ་པ་དང་པོའི་ཆུ་ཕྲན་ཁག་80ཡོད། བདེ་ཆེན་ཀྲོའུ་ཡི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པའི་དམིགས་ཡུལ་ནི། འབྲི་ཆུའི་སྟོད་རྒྱུད་ཀྱི་བདེ་འཇགས་ལྡན་པའི་སྣོད་བཅུད་སྲུང་ཡོལ་བསྐྲུན་རྒྱུ་དེ་ཡིན”ཞེས་བཤད།
         གསར་འགོད་པས་བདེ་ཆེན་ཀྲོའུ་སྲིད་གཞུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བདེ་ཆེན་ཀྲོའུ་ཡིས་སྣོད་བཅུད་སྲུང་ཡོལ་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱས་ཏེ། ལོ་ལྔ་བསྟུད་མར“ཚོས་གཞི་སྣ་བདུན་གྱི་ཡུན་ནན་སེམས་ཀྱི་ཉི་ཟླའི་སྲུང་སྐྱོང་བྱ་སྤྱོད”ལག་ལེན་བསྟར་ནས། རང་བྱུང་ནགས་ཚལ་དང་། རང་བྱུང་རྩྭ་ཐང་། ས་མཐོའི་འདམ་ར་སོགས་རང་བྱུང་སྲུང་སྐྱོང་ལས་དོན་ཡག་པོ་སྤེལ་བས། འབབ་འཕར་ཡོང་དགོས་ལ། སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་དེ་བས་སྲུང་སྐྱོང་ཡག་པ་བྱེད་དགོས་པའི་འདུ་ཤེས་དེ་མི་རྣམས་ཀྱི་སེམས་སུ་གཏིང་ཟབ་ཟུག་ཡོད་པ་རེད། ད་ཆ་མང་ཚོགས་ཚོའི་སྲུང་སྐྱོང་གི་སྤྲོ་སེམས་ཆེས་ཆེར་འཕེལ་ཁར། རང་འགུལ་ངང་སྲུང་སྐྱོང་ནང་ཞུགས་པའི་ཧུར་སེམས་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད།
         བདེ་ཆེན་ཀྲོའུ་ཡིས་ད་དུང་རྩྭ་ཐང་སྣོད་བཅུད་དང་ནགས་ཚལ་སྣོད་བཅུད་ཀྱི་སྐྱིན་གསབ་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས། ས་ཆ་གཞན་དུ་དབུལ་སྐྱོར་གསར་སྤེལ་བྱ་རྒྱུ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ཟུང་དུ་འབྲེལ་བའི་ལམ་སྲོལ་འཚོལ་ཞིབ་བྱས་ཤིང་། རིམ་རྩིས་ལྟར་ན་སྣོད་བཅུད་མ་དངུལ་སྒོར་དུང་ཕྱུར་7.8སྤོ་སྒྱུར་གཏོང་སྤྲོད་བྱས་ཡོད་པ་རེད། སྣོད་བཅུད་ཡུལ་མི་གནས་སྤོ་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་ཏན་ཏིག་བྱས་ཡོད་ཅིང་། བདེ་ཆེན་ཀྲོའུ་ཡི་ཀྲོའུ་ཀྲང་ཆི་ཅན་ཤིན་གྱིས། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཚོད་འཛིན་ནན་པོ་བྱས་ཁར། སྦགས་བཙོག་འབྱུང་ཁུངས་གསར་དུ་ཐོན་རྒྱུ་ཚོད་འཛིན་ནན་པོ་བྱེད་པ། ཁོར་ཡུག་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་ནན་པོ་སྤྱད་པ་བརྒྱུད། ན་ནིང་ཟླ་6པར་བདེ་ཆེན་ཀྲོའུ་དེ་ཉིད་རྒྱལ་ཁབ་རིམ་པའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་དུ་བཅུག་ཡོད་ཅེས་ངོ་སྤྲོད་བྱས།
         བདེ་ཆེན་ཀྲོའུ་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཡུང་ལིང་གིས། “པོ་ཏྭ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་3%ཡང་མ་ཟིན་པའི་ས་ཁོངས་གསར་སྤེལ་བྱས་པ་དང་90%ཙམ་གྱི་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱས་པས། ནགས་ཚལ་སྲུང་སྐྱོང་ཐུབ་ཁར། དཔལ་འབྱོར་གོང་འཕེལ་ཕྱིན་ནས་མང་ཚོགས་ལ་འབབ་འཕར་བྱུང་བ་དང་ཕྱོགས་མང་པོར་གཉིས་ཁེ་བྱུང་ཡོད”ཅེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། བདེ་ཆེན་ཀྲོའུ་ཡིས་2020ལོར་སླེབས་སྐབས་ནགས་ཚལ་ཁེབས་ཚད་70%ཙམ་ཟིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་ནགས་ཚལ་སྔོ་ལྗང་དུ་འགྱུར་ཚད་84%ཙམ་ཟིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད། འདི་ལོ་བདེ་ཆེན་ཀྲོའུ་ཡིས་ནགས་ཚལ་སྣོད་བཅུད་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་བྱས་ནས། རང་བྱུང་ནགས་ཚལ་སྲུང་སྐྱོང་གི་དུས་ཐེངས་གཉིས་པའི་ལས་གྲྭ་དང་རྨོ་བསྐྱུར་རྩྭ་གསོ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་ཞིང་། ཆི་ཅན་ཤིན་གྱིས་བདེ་ཆེན་ཀྲོའུ་ཡིས་སྔར་ལས་ལྷག་པའི་ངང་རང་བྱུང་སོལ་རླངས་ལྕགས་མདོང་དང་། དགུན་དུས་དྲོད་རླངས་མཁོ་འདོན། འཛུགས་སྐྲུན་ཚབ་བྱེད་རྒྱུ་ཆ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱས་ནས། ནགས་ཤིང་ཟད་ཚད་ཉུང་དུ་བཏང་སྟེ། རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་ཁབ་སྤྱི་གླིང་སོགས་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། ཚད་གཞི་མཐོ་ཤོས་ངང་རང་བྱུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།