འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ནི་ཡས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གསར་པ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་10ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཁེན་ནི་ཡ་སྲིད་གཞུང་གིས་ཉེ་ཆར་བོགས་བླངས་གནམ་གྲུ་འབབ་པའི་གྲོན་དངུལ་རྩ་ཆག་ཏུ་གཏོང་བ་དང་སྤྱི་གླིང་གི་སྤ་སེའི་རིན་གོང་དམའ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ནས་ཡུལ་དེའི་ཡུལ་སྐོར་ལས་རིགས་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་ཐོག་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁེན་ནི་ཡར་ཡུལ་སྐོར་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།
         ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཆར་གཞིར་གཞིགས་ན། ད་ལྟ་ནས་2018ལོའི་ཟླ་6ཚེས་30ཉིན་བར་མོང་པ་ས་མོ་དབྱི་རྒྱལ་སྤྱིའི་གནམ་ཐང་དང་མ་ལིན་ཏི་གནམ་ཐང་དུ་བབས་པའི་བོགས་བླངས་གནམ་གྲུས་གནམ་གྲུ་འབབ་པའི་གྲོན་དངུལ་སྤྲོད་དགོས་ཀྱི་མེད། ས་ཁོངས་ནང་གི་རྒྱལ་ཁབ་སྤྱི་གླིང་28དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ཁུལ་32ཀྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བར་དམིགས་པའི་སྤ་སེའི་རིན་གོང་དེ་དེ་སྔའི་ཨ་སྒོར་90ནས་ཨ་སྒོར་60བར་ཉུང་དུ་བཏང་ཞིང་། གཞན་ཡང་ལོ་16མན་གྱི་ཕྱི་རྒྱལ་བ་ཁེན་ནི་ཡའི་ས་ཁོངས་ནང་འཛུལ་བའི་རྒྱལ་སྒྲོལ་ཐོངས་མཆན་གྲོན་དངུལ་སྤྲོད་དགོས་ཀྱི་མེད་པ་རེད།
         ཁེན་ནི་ཡ་གསོལ་མགྲོན་ཁང་དང་བཟའ་འཐུང་ལས་རིགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ས་མུའུ·དབྱི་ཁོ་ཝ་ཡེ་ཡིས“ང་ཚོས་རྒྱལ་ཁབ་སྤྱི་གླིང་དུ་གུར་སྣ་ཚོགས་བརྒྱབ་ཡོད་པ་དང་ཡུལ་སྐོར་བས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ཐག་ཉེ་པོ་ནས་ལྟ་ཆོག མཛེས་ལྗོངས་ཁུལ་ཁག་གཅིག་གིས་ད་དུང་རི་ཐང་རྐང་འཁོར་བཞོན་པ་དང་བྲག་རི་འཛེགས་པ་སོགས་ཀྱི་རོལ་རྩེད་རྣམ་གྲངས་བཏོན་ཡོད། ང་ཚོས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བ་ཁེན་ནི་ཡར་ཡུལ་སྐོར་བྱེད་པར་ཡོང་རེ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
         ཁེན་ནི་ཡའི་ཡུལ་སྐོར་པུའུ་ཀྲང་མོ་ཧན་མུ་ཏེ·ན་ཅིས་པུའུ·པ་ལ་ལ་ཡིས་སྲིད་གཞུང་གིས་ད་དུང་མཚོ་རྒྱུད་ས་ཁུལ་དུ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དང་གཞུང་ལམ་བཟོས་ཏེ་ཡུལ་སྐོར་ཐད་སྟབས་བདེ་བསྐྲུན་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་དང་འབྲེལ་ཚོགས་འདུའི་ཡུལ་སྐོར་དང་། རིག་གནས་ཡུལ་སྐོར། སྣོད་བཅུད་ཡུལ་སྐོར་སོགས་ཡུལ་སྐོར་བྱ་ཐབས་སྣ་ཚོགས་འདོན་རྒྱུ་རེད་ཅེས་བཤད་པ་རེད།
         ཡུལ་སྐོར་ལས་རིགས་ནི་ཁེན་ནི་ཡའི་ཕྱི་དངུལ་ཡོང་ཁུངས་གཉིས་པ་ཡིན་པ་དང་མ་སའེ་མ་ལ་རྩྭ་ཐང་ཆེ་མོ་དང་། ཧིན་རྡུ་རྒྱ་མཚོའི་བྱེ་ཐང་དཀར་པོ། ཨ་ཧྥེ་རི་ཁའི་ཡང་རྩེ་ཆི་ལི་མ་བཀྲ་ལུའོ་རི་བོ་བཅས་འཛམ་གླིང་ཡོངས་ལ་སྐད་གྲགས་ཧ་ཅང་ཆེན་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།