འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་ན་ཏའི་ཨའེ་པོ་ཐ་སློབ་ཆེན་གྱི་ཀྲུང་གོའི་བརྩེ་དུང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་07ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན་གྱི་དགོང་མོ་ཁ་ན་ཏའི་ཨའེ་པོ་ཐ་སློབ་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་ཉར་ཚགས་འགྲེམས་སྟོན་ཁག་གཉིས་སྟེ“ཐང་མུའུ་སེན་གྱིས་པར་དུ་བླངས་པའི་ཀྲུང་གོ”དང“མེ་ཀེ་ཐེ་ཀེ་ཐེའི་ཉར་ཚགས་དངོས་པོ”ཞེས་པའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད། དང་པོ་དེའི་ཐོག་འགྲེམས་སྟོན་བྱས་པ་ནི་ནུབ་ཕྱོགས་བ་ཞིག་གི་པར་ཆས་ནང་གི་དུས་རབས་བཅུ་དགུ་པའི་ཀྲུང་གོའི་མི་སེར་གྱི་འཚོ་བ་སྐྱེལ་སྟངས་ཡིན་པ་དང་། གཉིས་པ་དེའི་ཐོག་འགྲེམས་སྟོན་བྱས་པ་ནི་ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་གོང་མའི་ཕོ་བྲང་ནང་གི་འཚོ་བ་སྐྱེལ་སྟངས་ཡིན་པ་རེད།
         རྟེན་རྫས་བཤམས་མཛོད་ཁང་དེ་2005ལོར་བཙུགས་པ་དང་དུས་རབས་13པའི་ཚུན་གྱི་ཀྲུང་གོའི་སྒྱུ་རྩལ་དངོས་པོ་དང་ཨེ་ཤེ་ཡའི་བཟོ་རྩལ་དངོས་པོ་དང་དེ་བཞིན་འཛམ་གླིང་རིམ་པའི་ཉར་ཚགས་དངོས་པོ་མང་དག་ཅིག་ཡོད་པ་རེད། གསར་འགོད་པས་ཉར་ཚགས་ཁང་དེའི་ཉར་ཚགས་དངོས་པོར་ལྟ་སྐོར་བྱེད་སྐབས་རྩ་ཆེའི་རིག་དངོས་མང་པོ་མཐོང་བའི་ནང་གོང་མ་ཁང་ཤིས་དང་གོང་མ་ཆན་ལུང་གི་པར་རིས་དེ་གཉིས་ནི་འཛམ་གླིང་ཐོག་ཤིན་ཏུ་དཀོན་པའི་རྩ་ཆེའི་དངོས་པོ་ཡིན་པ་དང་གོ་ལ་ཧྲིལ་པོར་6ལས་མེད།
         དེ་ཙམ་མ་ཟད། 2005ལོར་བཙུགས་པའི་ཨའེ་པོ་ཐ་སློབ་ཆེན་ཀྲུང་གོ་སློབ་གླིང་ནི་ཁ་ན་ཏའི་ཀྲུང་གོའི་གནད་དོན་ཞིབ་འཇུག་ཁང་གཅིག་པུ་དེ་ཡིན་པ་རེད། ད་ཆའི་ཡོའན་ཀྲང་ཧའུ་པིང་ཏུང་ནི་ཀྲུང་གོ་དང་དེ་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཕྱི་འབྲེལ་ལས་དོན་གྱི་ཉམས་མྱོང་ལོ་20ལྷག་ཙམ་ཡོད་པའི་རིགས་གཅིག་མཁས་ཅན་ཞིག་རེད། དེ་སྔ་ཀྲུང་གོར་བཅའ་སྡོད་ཁ་ན་ཏའི་གཞུང་ཚབ་ཆེ་མོ་ཁང་དུ་ལས་ཀ་ལོ་མང་བྱེད་མྱོང་ཡོད། ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི་སློབ་གླིང་གིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གནད་དོན་ཞིབ་འཇུག་བྱ་རྒྱུར་གཞོལ་བ་མ་ཟད་ཀྲུང་གོ་དང་ཁ་ན་ཏ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཧུར་ཐག་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།
         གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད་ཨའེ་པོ་ཐ་སློབ་ཆེན་དང་ཀྲུང་གོའི་བརྩེ་དུང་ནི་དུས་རབས་གོང་མའི་དུས་སྟོད་བར་དེད་ཆོག་པ་དང་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་མཚོན་བྱེད་ནི་སློབ་གླིང་དེའི་སློབ་གྲོགས་ཆེ་སི་ཐེ·ལང་ཉིང་ཡིན་པ་ཤེས་རྟོགས་བྱུང་།
         ལང་ཉིང་གི་ཕ་ཡུལ་ནི་ཨའེ་པོ་ཐ་ཞིང་ཆེན་ཡིན་པ་དང་1894ལོར་ཧུའུ་པེའི་ཤང་ཡང་དུ་སྐྱེས་པ་དེ་ནི་སྐབས་དེ་དུས་ཁོང་གི་ཕ་མ་གཉིས་དེ་གར་ཆོས་སྤེལ་བཞིན་ཡོད་པས་རེད། ལང་ཉིང་གཞོན་ནུའི་སྐབས་ཨའེ་པོ་ཐ་སློབ་ཆེན་ནས་སློབ་གསོ་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ་མྱོང་བ་དང་དེ་སྔ་ཁྲུང་ཆིང་དུ་བཅའ་སྡོད་ཁ་ན་ཏའི་ཕྱི་འབྲེལ་དཔོན་བྱེད་མྱོང་ཡོད། ཁོང་གིས་ཀྲུང་གོར་བརྩེ་དུང་ཟབ་མོ་བཅངས་པ་དང་ཁ་ན་ཏའི་ཀྲུང་གོའི་གནད་དོན་གྱི་མཁས་དབང་དང་རིགས་གཅིག་མཁས་ཅན་སྔ་ཤོས་ཀྱི་གྲས་ཤིག་ཡིན་པས་1970ལོར་ཁ་ན་ཏ་དང་ཀྲུང་གོའི་འབྲེལ་བ་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ཁ་ན་ཏའི་ཙུང་ལི་ཟུར་པ་ཕི་ཨའར·ཐེ་ལུའུ་ཏོ་ཡིས“ཁ་ན་ཏ་དང་ཀྲུང་གོ་གསར་པའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པར་དགའ་ཤོས་བྱེད་མཁན་ཁ་ན་ཏ་བ”ཞིག་རེད་ཅེས་བརྗོད་ཡོད།
         ལང་ཉིང་ནི་ཨའེ་པོ་ཐ་སློབ་ཆེན་གྱི་སློབ་མ་ཡིན་པ་དང་པུའུ་ལེ་ཨེན·ཨའེ་ཝུན་སི་ནི་ཚེ་གང་སློབ་གླིང་དེ་གར་ཀྲུང་གོའི་ལས་དོན་ཞིབ་འཇུག་བྱེད་མཁན་གྱི་དགེ་རྒན་ཆེ་མོ་བ་ཞིག་ཡིན། ཨའེ་ཝུན་སི་ཨེ་པོ་ཐ་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་ནས་ཐོན་པ་དང་1961ལོར་ལོན་ཏོན་སློབ་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་སློབ་གླིང་གི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ལོ་རྒྱུས་ཆེད་ལས་ཀྱི་འབུམ་རམས་པའི་སློབ་གནས་ཐོབ་ཡོད་པ་རེད། དེ་རྗེས་1996ལོ་བར་ཁོང་གིས་ཨའེ་པོ་ཐེ་སློབ་ཆེན་དུ་ལོ་30ལྷག་ཙམ་དགེ་རྒན་བྱས་ནས་བསྡད་དེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་མའི་ལོ་རྒྱུས་ཞིབ་འཇུག་དང་སློབ་ཁྲིད་བྱས་པ་མ་ཟད། ཨེ་ཤེ་ཡ་ཤར་མའི་ཞིབ་འཇུག་མ་ལག་ཁོང་ངོ་མས་གསར་གཏོད་བྱས་ཡོད། ཁོང་གི་རིག་གཞུང་འཚོ་བའི་ཁྲོད་བསྔགས་བརྗོད་བྱེད་དགོས་ངེས་ཞིག་ནི་ཁོང་གིས་ཀྲུང་གོའི་གནད་དོན་ལ་ཕྱོགས་པའི་བསམ་ཕྱོགས་དང་ཞིབ་འཇུག་དེ་ཡིན་པ་རེད། ཁོང་གིས་ཀྲུང་གོ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་འགྲེམས་སྤེལ་བྱས་པ་དང་ཨའེ་པོ་ཐ་སློབ་ཆེན་དང་ཀྲུང་གོའི་དབར་གྱི་སྤེལ་རེས་ལ་སྐུལ་མ་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱས་ཡོད་ལ་ཁ་ན་ཏའི་ཀྲུང་གོ་བའི་སྡེ་ཁུལ་གྱི་རིག་གནས་འཕེལ་རྒྱས་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
         ཨའེ་པོ་ཐ་སློབ་ཆེན་གྱི་འགོ་ཁྲིད་དང་། དགེ་རྒན་ཆེ་མོ་བ། སློབ་མ་བཅས་ཀྱིས་རྒྱལ་ཁབ་གཉིས་པོའི་རིག་གཞུང་སྤེལ་རེས་དང་མཛའ་གྲོགས་མཉམ་ལས་ཐད་དུས་ཡུན་རིང་པོ་གཞོལ་བ་དང་ཨའེ་པོ་ཐ་སློབ་ཆེན་གྱི་མཁས་དབང་མི་རབས་མང་པོའི་འབད་བརྩོན་ལས་ཨའེ་པོ་ཐ་སློབ་ཆེན་དང་ཀྲུང་གོའི་བརྩེ་དུང་ཟབ་མོ་མི་རབས་ནས་མི་རབས་བར་མི་ཉམས་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཡོད་ཅེས་བརྗོད་ཆོག
      

    ཕྱོགས་བསྡུས་གསར་འགྱུར།