འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོར་ཀྲུང་གོ་སྔར་བཞིན་ཡོ་རོབ་མནའ་འབྲེལ་གྱི་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་མནའ་འབྲེལ་བསྡོམས་རྩིས་ཅུས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2015ལོར་ཀྲུང་གོ་འདི་ཉིད་མུ་མཐུད་ཡོ་རོབ་མནའ་འབྲེལ་གྱི་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་ལ་གྱུར་ནས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་དངོས་ཟོག་སྤྱི་འབོར་གྱིས་ཡོ་རོབ་མནའ་འབྲེལ་ནང་མེད་པའི་རྒྱལ་ཁབ་ནས་ནང་འདྲེན་བྱས་པའི་སྤྱི་འབོར་གྱི་20%བཟུང་ཡོད་པ་རེད།
         གྲངས་གཞི་ལས་མངོན་པར། 2015ལོར་ཨ་རི་དང་ཀྲུང་གོ་མུ་མཐུད་ཡོ་རོབ་མནའ་འབྲེལ་གྱི་དངོས་ཟོག་ཉོ་ཚོང་གི་རོགས་ཟླ་ཆེན་པོ་གཉིས་ཀྱི་གནས་བབ་ཐོག་བརྟན་པོར་གནས་པའི་ཁྲོད་ཨ་རི་དེ་ཡོ་རོབ་མནའ་འབྲེལ་གྱི་ཕྱིར་གཏོང་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་དང་ཀྲུང་གོ་དེ་ཡོ་རོབ་མནའ་འབྲེལ་གྱི་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་ཡིན་པ་རེད།
         2015ལོ་ཧྲིལ་པོར་ཡོ་རོབ་མནའ་འབྲེལ་དང་ཨ་རིའི་དབར་གྱི་དངོས་ཟོག་ཉོ་ཚོང་བསྡོམས་འབོར་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར་6190ཟིན་ནས་ཡོ་རོབ་མནའ་འབྲེལ་གྱི་དངོས་ཟོག་ཉོ་ཚོང་སྤྱི་འབོར་གྱི་18%བཟུང་བ་དང་། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་དངོས་ཟོག་ཉོ་ཚོང་བསྡོམས་འབོར་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར་5210ཟིན་ནས་སྤྱི་འབོར་གྱི་15%བཟུང་བ། ཡོ་རོབ་མནའ་འབྲེལ་དང་སུའེ་ཙེར་དང་ཨུ་རུ་སུའི་དབར་གྱི་དངོས་ཟོག་ཉོ་ཚོང་བསྡོམས་འབོར་གྱིས་སྤྱི་འབོར་གྱི་7%དང་6%སོ་སོར་བཟུང་ཡོད་པ་རེད།
         ད་དུང་གྲངས་གཞི་ལས་མངོན་པར། ཨ་རི་དང་། ཀྲུང་གོ སུའེ་ཙེར་བཅས་རྒྱལ་ཁབ་གསུམ་པོ་ཡོ་རོབ་མནའ་འབྲེལ་གྱི་ཕྱིར་གཏོང་བྱ་ཡུལ་ཆེན་པོ་གསུམ་ཡིན་པ་དེ་དག་གིས་ཡོ་རོབ་མནའ་འབྲེལ་གྱིས་ཡོ་རོབ་མནའ་འབྲེལ་ནང་མེད་པའི་རྒྱལ་ཁབ་ལ་ཕྱིར་གཏོང་བྱས་པའི་བསྡོམས་འབོར་གྱི་21%དང་། 10% 8%བཅས་སོ་སོར་བཟུང་ཡོད། ཡོ་རོབ་མནའ་འབྲེལ་གྱི་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ཆེན་པོ་གསུམ་ཡིན་པའི་ཀྲུང་གོ་དང་། ཨ་རི། ཨུ་རུ་སུ་བཅས་རྒྱལ་ཁབ་གསུམ་པོས་ཡོ་རོབ་མནའ་འབྲེལ་གྱིས་ཡོ་རོབ་མནའ་འབྲེལ་ནང་མེད་པའི་རྒྱལ་ཁབ་ནས་ནང་འདྲེན་བྱས་པའི་སྤྱི་འབོར་གྱི་20%དང་། 14% 8%བཅས་སོ་སོར་བཟུང་ཡོད་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། 2006ལོར་ཀྲུང་གོ་འདི་ཉིད་ཨ་རི་ལས་རྣམ་པར་རྒྱལ་ནས་ཡོ་རོབ་མནའ་འབྲེལ་གྱི་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ་དང་ལོ་དེའི་ནང་འདྲེན་བསྡོམས་འབོར་21%འཕར་ནས་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར་1915ཟིན་ཡོད། ཡོ་རོབ་མནའ་འབྲེལ་དང་ཨ་རིའི་དབར་གྱི་ཉོ་ཚོང་དེར་2011ལོ་ནས་བཟུང་འཕོ་འགྱུར་ཆེན་པོ་བྱུང་བ་དང་དེའི་རྗེས་ཡོ་རོབ་མནའ་འབྲེལ་དང་ཨ་རིའི་ཉོ་ཚོང་བསྡོམས་འབོར་གྱིས་ཡོ་རོབ་མནའ་འབྲེལ་གྱི་གོ་ལ་ཧྲིལ་པོའི་ཉོ་ཚོང་བསྡོམས་འབོར་གྱི་བསྡུར་ཚད་ལོ་རེ་བཞིན་འཕར་ཡོད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་ཉོ་ཚོང་བསྡོམས་འབོར་གྱིས་ཡོ་རོབ་མནའ་འབྲེལ་གྱི་གོ་ལ་ཧྲིལ་པོའི་ཉོ་ཚོང་བསྡོམས་འབོར་གྱི་བསྡུར་ཚད་དེ་2002ལོའི་7%ནས་2015ལོའི་15%བར་འཕར་ཡོད། ཡོ་རོབ་མནའ་འབྲེལ་དང་ཨུ་རུ་སུའི་ཉོ་ཚོང་བསྡུར་ཚད་དེ་2013ལོ་ནས་བཟུང་ཤུགས་ཆེན་ཆག་ཡོད། ཡོ་རོབ་མནའ་འབྲེལ་དང་སུའེ་ཙེར་དབར་གྱི་ཉོ་ཚོང་བསྡུར་ཚད་ལོ་མང་རིང་ཧ་ལམ་འགྱུར་ལྡོག་ཕྱིན་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།