འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུས་སྔོ་ཚལ་ཐོན་སྐྱེད་འགན་ལེན་བྱས་ནས་ཁྲོམ་རའི་རིན་གོང་བརྟན་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཞིང་ལས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཉེ་དུས་སྔོ་ཚལ་གྱི་རིན་གོང་ཆེས་ཆེར་འཕར་བར་སྤྱི་ཚོགས་ཐོག་རྒྱ་ཁྱབ་ངང་དོ་ཁུར་བྱེད་ཀྱི་ཡོད། ཞིང་ལས་པུའི་འབྲེལ་ཡོད་འགན་འཁུར་བས་སྔོ་ཚལ་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་སྤྱིར་ན་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔ་ནི་སྔོ་ཚལ་མཁོ་སྤྲོད་བྱེད་ཉུང་བའི་དུས་རེད། ཞིང་ལས་པུས་རིམ་ཁག་ཞིང་ལས་སྡེ་ཚན་ལ་སྔོ་ཚལ་ཐོན་སྐྱེད་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་མིག་སྔའི་ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་མཐུན་སྦྱོར་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་དགོས། ལྷག་དོན་དུ“ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལོ་འཁོར་མོར་ཚལ་ཞིང་གི་བདག་ཡོད་གྲངས་ཚད་དང་། སྔོ་ཚལ་ཐོན་རྫས་གཙོ་བོ་རང་ཁ་རང་གསོ་བྱེད་ཚད། སྔོ་ཚལ་ཐོན་རྫས་སྤུས་ཚད་ལོན་ཚད་བཅས་བརྟན་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         སྔོ་ཚལ་ཐོན་སྐྱེད་བྱེད་སྟངས་ལེགས་སུ་ཏན་ཏིག་བཏང་སྟེ་གྲོང་ཁྱེར་ཆེ་འབྲིང་གི་རང་མཁོ་རང་སྤྲོད་བྱེད་ནུས་ཆེ་རུ་དང་རྒྱལ་ཡོངས་ཀྱི་སྔོ་ཚལ་དོ་སྙོམས་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱེད་པའི་རྩ་དོན་གཞིར་བཟུང་། ཚལ་སྣའི་གྲུབ་ཆ་དང་ཐོན་སྐྱེད་བྱེད་སྟངས་སྤྱི་འདོམས་བཀོད་སྒྲིག་བྱེད་དགོས། གྲོང་ཁྱེར་ཆེ་འབྲིང་གིས་གསོག་འཇོག་སྐྱེལ་འདྲེན་བྱེད་མི་ཐུབ་པའི་ལོ་མ་ལྡན་པའི་སྔོ་ཚལ་རིགས་དང་ས་གནས་ཀྱི་ཁྱད་ལྡན་སྔོ་ཚལ་རིགས་གཙོ་གནད་ཐོག་འཕེལ་རྒྱས་བཏང་ནས་རང་མཁོ་རང་སྤྲོད་ཀྱི་ནུས་པ་བརྟན་པོའི་ངང་ཆེ་རུ་གཏོང་དགོས། བྱང་ཕྱོགས་སྒྲིག་བཀོད་སྔོ་ཚལ་ཐོན་ཁུལ་གྱིས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་སྔོ་ཚལ་བཏུས་ཏེ་མཁོ་སྤྲོད་བྱེད་མང་དུ་གཏོང་དགོས།
         གཞན་ཡང་ཐོན་འཚོང་སྦྲེལ་མཐུད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། སྔོ་ཚལ་ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད་བཅས་ལྷུ་ཚིགས་ཁག་གི་ཆ་འཕྲིན་ཐད་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། སྔོ་ཚལ་ཐོན་སྐྱེད་དང་། ཁྲོམ་ར། རིན་གོང་བཅས་ཀྱི་འཕེལ་ཕྱོགས་ལ་དབྱེ་ཞིབ་ཀྱིས་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ། སྔོ་ཚལ་འདེབས་འཛུགས་དུད་ཚང་དང་གཉེར་སྐྱོང་མཁན་ལ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོ་ལུགས་མཐུན་ངང་སྤེལ་རྒྱུའི་ཁྲིད་སྟོན་བྱེད་པ། ཁྲོམ་རའི་སྔོན་ཚུད་གནས་ཚུལ་བརྟན་པོ་ཡོང་བ་བྱེད་པ་བཅས་བྱས་ནས་སྔོ་ཚལ་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས། གྲོང་ཁྱེར་ཆེ་འབྲིང་ལ་ས་གནས་དེ་གའི་འཛད་སྤྱོད་དགོས་མཁོ་གཞིར་བཟུང་ལེགས་ལྡན་ཐོན་ཁུལ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཁོ་སྤྲོད་ཐབས་ལམ་བརྟན་པོ་ཞིག་གཏོད་རྒྱུའི་ཁྲིད་སྟོན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།