འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།དྲོད་ཚད་དམའ་རུ་འགྲོ་བ་དང་དྲག་ཆར་ཞོད་སྐྱོན་གྱི་གནོད་འཚེར་དོགས་ཟོན་བྱེད་དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཞིང་ལས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་གྲོའི་ལོ་འདབ་རྒྱས་ནས་སྙེ་མ་གཏོང་བའི་སྔ་སྨིན་འབྲས་ཀྱི་ལྗང་པ་འཛུགས་པའི་འགག་རྩའི་དུས་སུ་སླེབས་ཡོད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡར་གཞིགས་ན། ཉིན་འདི་འགའི་རིང་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་བྱང་ནས་ལྷོ་བར་སྔ་རྗེས་སུ་དྲོད་ཚད་ཧ་ཅང་དམའ་རུ་འགྲོ་བ་དང་། རྨ་ཆུ་དང་ཧོའེ་ཧོ་ཆུ་བོ་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་བར་ཆར་པ་ཆེན་པོ་འབབ་པ་དང་ས་ཆ་ཁག་གཅིག་ལ་ཉིན་རེར་ཆར་པ་འབབ་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་མཐོ་ཤོས་ལས་བརྒལ་སྲིད་པ་མ་ཟད། ཆར་ཞོད་ཆེ་བ་དང་ལྷགས་པ་ཆེན་པོ་སོགས་ཀྱི་གནམ་གཤིས་བསྟན་རྒྱུ་རེད། དེར་བརྟེན་ཞིང་ལས་པུས་ཚད་མཐོའི་མཐོང་ཆེན་གྱིས་འཕྲལ་མར་སྔོན་འགོག་ལས་དོན་བཀོད་སྒྲིག་བྱས་ནས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)ཁག་གི་ཞིང་ལས་སྡེ་ཚན་ལ་དྲོད་ཚད་དམའ་རུ་འགྲོ་བ་དང་དྲག་ཆར་དང་ཞོད་སྐྱོན་གྱི་གནོད་འཚེ་སྔོན་འགོག་ལས་དོན་ཏན་ཏིག་བསྒྲུབས་ནས། ནུས་ཤུགས་ཡོད་རྒུས་ཞིང་ལས་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱས་ཏེ་འབྲུ་རིགས་ཀྱི་འབབ་འཕར་བརྟན་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         ཉེ་དུས་འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་ས་ཁུལ་དུ་ཆར་པ་ཡང་ཡང་བབས་ནས་ཞིང་ནང་དུ་བཞའ་ཚན་ཆེ་ཙམ་ཡོད་པས་ནད་དང་འབུའི་གནོད་འཚེ་ཁྱབ་སླ་པོ་ཡོད་པས། ཞིང་ལས་པུས་ས་ཁུལ་ཁག་ལ་གྲོ་སྙེའི་བཙའ་ནད་དང་སྐྱེ་དངོས་གནོད་འབུ་སོགས་ནད་དང་འབུའི་གནོད་འཚེ་གཙོ་བོར་བྱས་ཏེ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ནད་དང་འབུའི་གནོད་འཚེའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་དགོས་པ་དང་། གཅིག་གྱུར་ཐོག་འགོག་བཅོས་དང་མཉམ་འགོག་མཉམ་དུ་ཚོད་འཛིན་ཤུགས་ཆེན་དང་འཕྲལ་སྡོམ་འགོག་བཅོས་དུས་ཐོག་ཏུ་བྱས་ནས། ནད་དང་འབུའི་གནོད་འཚེ་ཐོན་པ་དང་ཁྱབ་རྒྱུ་ཚོད་འཛིན་བྱས་ཏེ་གནོད་འཚེ་མཐའ་དག་འགོག་བཅོས་ཀྱིས་འབྲུ་རིགས་ལ་ཐོན་འཕར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།