འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མུན་འཐོམས་སུ་ཚུད་པའི་ནེ་པ་ལའི་ཡུལ་གྱར་བོད་མི།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་30ལྷག་ཙམ་ལ་སླེབས་པའི་ཡེ་ཤེས་ལྷ་མོ་ནི་བོད་མི་གཅིག་སྡུད་ཆེ་ཙམ་ཡིན་པའི་ཀ་ཏ་མན་རྡུའི་སི་ཝ་དབྱང་པུ་དགོན་གྱི་འགྲམ་དུ་སྡོད་ཀྱི་ཡོད། ཁོང་རྒྱུན་དུ་སེམས་བག་ཡངས་ལ་གཞན་དང་འབྲེལ་བ་བྱ་རྒྱུར་དགའ་བའི་བུད་མེད་ཅིག་ཡིན་ཡང་། གསར་འགོད་པས་ཁོང་ལ་བཅར་འདྲི་བྱ་རྒྱུ་ཡིན་པ་ཤེས་འཕྲལ་འཚབ་ནས“གསར་འགོད་པ་དང་འབྲེལ་བ་བྱེད་ཆོག་གི་མེད”ཅེས་བཤད་ནས་བཅར་འདྲི་དང་ལེན་བྱས་མ་སོང་།
         ནེ་པ་ལ་རུ་གཞིས་ཆགས་བོད་མི་ཁྲི་གཉིས་གསུམ་ཙམ་ཡོད་རུང་། གསར་འགོད་པས་ནེ་པ་ལའི་སྨྱན་སྦྱོར་ཐོག་ཁོང་ཚོའི་གནས་ཚུལ་བཀོད་པ་ཧ་ཅང་ཉུང་ཉུང་ཡིན་པ་མཐོང་། གསར་འགོད་པས་ཁོང་ཚོར་བཅར་འདྲི་བྱེད་པའི་རེ་བ་བཏོན་སྐབས་ཁོང་ཚོས་བཅར་འདྲི་དང་ལེན་མི་བྱེད་པར་སེམས་ནང་རྡོག་ཁྲེས་ཆེན་པོ་ཡོད་པ་ལྟར་སྣང་།
         “ནེ་པ་ལའི་དུས་བབ་རྙོག་འཛིང་ཆེ། བོད་རིགས་སྤུན་ཟླ་ཚོས་འཁོན་ལན་སློག་དོགས་ཀྱི་སྐྲག་སྣང་བྱེད་ཀྱི་ཡོད”ཅེས་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་བོད་རིགས་སྤུན་ཟླའི་ལས་དོན་གྱི་འགན་འཁུར་མཁན་དཔོན་རིགས་གཅིག་གིས་དོན་དེའི་རྒྱུ་རྐྱེན་བརྗོད་བྱུང་། ལོ་དྲུག་ཅུ་ལ་སླེབས་པའི་བོད་རིགས་སྤུན་ཟླ་བསྟན་པར་(མིང་ཚབ་)ཚོར་སྣང་གཏིང་ཟབ་ཡོད། ཁོང་གིས“ནེ་པ་ལར་ཡོད་པའི་བོད་མི་ཚོས་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་བྱེད་སྤྱོད་ལ་ཡི་རངས་མེད་ཀྱང་། མངོན་གསལ་དུ་ངོ་རྒོལ་བྱེད་ཕོད་མཁན་མེད། ངོ་རྒོལ་བྱས་ན་འཁོན་ལན་སློག་རྒྱུ་མ་ཟད། གསོད་ངེས་ཡིན”ཞེས་བརྗོད་བྱུང་།
         ཉེ་དུས་གསར་འགོད་པ་ནེ་པ་ལའི་དབུས་རྒྱུད་གྲོང་ཁྱེར་པོ་ཁེ་ལའི་བོད་མིའི་འདུས་སྡོད་ཁུལ་གཉིས་སུ་བཅར་འདྲི་བྱས་པའི་ནང་ནས་མིང་ལ་ཏ་ཧྲེ་ལིང་ཞེས་པའི་ཡུལ་གྱར་གནས་དེ་1964ལོར་བསྐྲུན་པ་དང་སྐད་གྲགས་ཡོད་པའི་མཛེས་ལྗོངས་ཁུལ་ཏ་ཝུའེ་རྦབ་ཆུའི་འགྲམ་དུ་ཡོད་པ་དང་། གཅིག་ཤོས་དེ་1960ལོར་བསྐྲུན་པའི་ཐ་ཧྲེ་པ་ཁེར་གྱི་ཡུལ་གྱར་གནས་དེ་ཡིན།
         བོད་མི་སྡོད་ཁུལ་དུ་སྐྱོད་སྐབས་ལམ་དུ་མི་ཧ་ཅང་ཉུང་བས་གྲང་ཤུར་ཤུར་གྱི་སྣང་བ་ཞིག་འཆར། ཤེས་རྟོགས་བྱུང་བར་གཞིགས་ན། བོད་མིའི་སྡོད་གནས་དེ་གཉིས་སུ་བོད་མི་800ཙམ་ཡོད་པའི་ནང་ཕལ་ཆེ་བ་ནི་རྒན་རྒོན་དང་ཕྲུ་གུ་རེད་འདུག རྒན་རྒོན་ལ་ལ་སྡོད་ཁང་གི་ཕྱིར་བསྡད་དེ་མ་ཎི་སྐོར་བཞིན་ང་ཚོར་ཁ་ཡ་དེ་ཙམ་མི་བྱེད།
         ནེ་པ་ལ་བ་ཞིག་ལ་མནའ་མར་སོང་བའི་རྣམ་རྒྱལ་ནི་བོད་མི་མི་རབས་གཉིས་པ་ཡིན་ཞིང་། རྣམ་རྒྱལ་གྱིས་ནེ་པ་ལར་ཡོད་པའི་བོད་མི་མང་ཆེ་བའི་འཚོ་བ་ནི་མགོ་འཐོམས་ནང་སྐྱེལ་བར་བརྟེན་སུ་ཞིག་ནི་གྲོགས་པོ་དང་སུ་ཞིག་ནི་དགྲ་བོ་ཡིན་པ་གསལ་པོ་ཤེས་ཀྱི་མེད། ཡུལ་གྱར་བོད་མིར་ནུབ་ཕྱོགས་རྒྱལ་ཁབ་དང་རྒྱ་གར་གྱིས་རོགས་པ་བྱེད་པ་དང་དུས་མཚུངས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཁ་ཤས་ཀྱི“ཀྲུང་གོ་སྲིད་གཞུང་གིས་ལྷ་ས་ཙམ་འཕེལ་རྒྱས་བཏང་བ་དེ་འཛམ་གླིང་ལ‘སྟོན་བྱེད’ཙམ་ཞིག་ཡིན”ཞེས་པའི་འུད་སྒྲོག་གི་ཤུགས་རྐྱེན་ཡང་ཕོག་ཡོད།
         རྣམ་རྒྱལ་གྱིས་རྒྱལ་ནང་གི་སྤུན་མཆེད་དང་གླེང་མོལ་བྱེད་སྐབས། ད་ཆ་བོད་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་འཚོ་བའི་ཆ་རྐྱེན་ཡང་ཀ་ཏ་མན་རྡུ་ལས་ཡག་པ་ཡོད་པ་ཤེས། རྣམ་རྒྱལ་གྱིས“བོད་མིའི་རྗེས་རབས་ཤིག་ཡིན་པའི་ངས། ཀྲུང་གོ་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་བྱུང་།
         ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱི་ཤུགས་རྐྱེན་འོག་ནེ་པ་ལར་སྡོད་མཁན་བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་ཕ་ཡུལ་གྱི་འགྱུར་ལྡོག་ཤེས་ཐབས་བྲལ་ཞིང་། རྣམ་རྒྱལ་གྱིས་གསར་འགོད་པར་མི་རབས་གསར་པའི་བོད་མི་མང་ཆེ་བས་ཆབ་སྲིད་དང་ཆོས་ལུགས་ལ་དགའ་པོ་མི་བྱེད་པ་དང་བོད་ཀྱི་ལོ་རྒྱུས་དང་མེས་པོའི་གནས་ཚུལ་ཡང་ཤེས་ཀྱི་མེད། ཁོང་ཚོའི་ནང་གི་མི་མང་པོ་ཞིག་མུན་འཐོམས་སུ་ཚུད་བཞིན་འདུག་ཅེས་སེམས་ཁྲལ་དང་བཅས་བརྗོད་བྱུང་། 
      

    ཕྱོགས་བསྡུས་གསར་འགྱུར།