འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་རེས་ཀྲུའུ་ཞིའི་
    རྒྱལ་ཁབ་ཀྱི་འགན་འཁུར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་1ཉིན་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་ལས་རེས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཞིང་། ལས་རེས་ཀྲུའུ་ཞི་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ལིའུ་ཅི་དབྱི་ཡིས་ཟླ་བཞི་པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡ་དང་ཡེ་མོན་སོགས་ཀྱི་གླེང་མང་བའི་གནད་དོན་ལ་གྲོས་ཞིབ་བྱ་རྒྱུ་དང་འབྲེལ་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་ཐེངས་གསུམ་འཚོག་རྒྱུ་ཡིན་ཞེས་གསུངས་པ་རེད།
         ལིའུ་ཅི་དབྱི་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཟླ་བཞི་པའི་ལས་ཀའི་འཆར་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡང་བྱུང་བ་རེད། ཁོང་གིས་དེ་རྗེས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་མིན་པ་དང་དེ་བཞིན་ཕྱི་རྒྱལ་གྱི་སྨྱན་སྦྱོར་ལ་ཟླ་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་ངོ་སྤྲོད་གནང་བ་རེད།
         ཁོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བཞི་པར་ཚོགས་འདུ་ཐེངས་30འཚོགས་ནས་སི་རི་ཡ་དང་། ཡེ་མོན། དབུས་ཤར་ས་ཁུལ་(ཕ་ལེ་སི་ཐན་དང་དབྱི་སི་རལ་)སོ་མ་ལི་སོགས་ས་ཁུལ་གྱི་གླེང་མང་བའི་གནད་དོན་ལ་གྲོས་ཞིབ་བྱ་རྒྱུ་དང་འབྲེལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་མང་ཕྱོགས་བསྡུས་བརྟན་ལྷིང་ཚོགས་པ་དུས་འགྱངས་བྱ་རྒྱུ་དང་མཉམ་འབྲེལ་རྒྱལ་ཚོགས་ནུབ་ས་ཧ་ལའི་ཆེད་མངགས་ཚོགས་པ་དུས་འགྱངས་བྱ་རྒྱུ་སོགས་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱ་རྒྱུ་རེད། གཞན་ཡང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་འདིར་ཕ་ལེ་སི་ཕན་དང་དབྱི་སི་རལ་དང་། འཇིགས་རྒོལ། ཀི་ནེ་ཡའི་མཚོ་ཁུག་གི་མཚོ་ཇག་གནད་དོན་སོགས་ཐད་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་ཐེངས་གསུམ་སྤེལ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ལིའུ་ཅི་དབྱི་ཡིས་ལས་རེས་ཀྲུའུ་ཞིའི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་བཞི་པའི་ལས་ཀའི་འཆར་གཞི་གཞིར་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ལུའུ་ཁེ་ཐུའོ་ཕུའུ་ཐེ་སོགས་དང་དགོངས་འཆར་བརྗེ་རེས་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ལུགས་མཐུན་གཞུང་དྲང་དང་། ནུས་ཆེ་དངོས་གཉེར། ཡོངས་བསྒྲགས་སྒོ་དབྱེ་བཅས་ཀྱི་རྩ་དོན་མུ་མཐུད་ལག་ལེན་བསྟར་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་གཞན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཆེའི་ཚོགས་མིའི་རྒྱལ་ཁབ་དང་དེ་བཞིན་དྲུང་ཡིག་ཁྲུའུ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་གཞུང་ལས་ཁང་སོགས་དང་སྤེལ་རེས་དང་མཉམ་ལས་མུ་མཐུད་བྱས་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་བཞི་པའི་ལས་དོན་བདེ་བླག་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་དེ་ཉིད་ལས་འགན་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་5དང་ལས་འགན་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་མིན་པ་10ལས་གྲུབ་པ་དང་ལས་རེས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གོ་གནས་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་15ཡིས་བརྗེ་རེས་བྱས་ནས་འགན་འཁུར་རྒྱུ་དང་དུས་ཡུན་ཟླ་1ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།