འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་སེར་ཤུལ་རྫོང་དུ་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་ལས་
    དོན་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སེར་ཤུལ་རྫོང་དུ“འབུའི་འབྲས་སྐྲན”ཞེས་འབོད་པའི་ཐུམ་འབུའི་ནད་ཀྱིས་དུས་ཡུན་རིང་པོའི་ནང་ཞིང་འབྲོག་པའི་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་བཟོ་གི་ཡོད། ས་གནས་དེ་གས་སྨན་བཅོས་རོགས་སྐྱོབ་དང་། བདེ་འཇགས་འཐུང་ཆུ། ཁྱི་ལ་དོ་དམ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་སྤེལ་འགོ་ཚུགས་པ་རེད།
         སེར་ཤུལ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ས་བབ་ཧ་ཅང་མཐོ་བའི་རྫོང་ཞིག་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ་དང་། མི་འབོར་ཁྲི་10ཙམ་ཟིན་གྱི་ཡོད། རང་བྱུང་ཁོར་ཡུག་དང་འཚོ་བའི་གོམས་གཤིས་སོགས་རྒྱུ་རྐྱེན་གྱིས་རྐྱེན་པས་སེར་ཤུལ་རྫོང་ནི་རང་རྒྱལ་གྱི་ཐུམ་འབུའི་ནད་ཐོན་མང་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ས་གནས་དེ་གའི་ནད་གཞི་ཕོག་མཁན་མི་གྲངས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཐུམ་འབུའི་ནད་གཞི་ཕོག་མཁན་བསྡོམས་འབོར་གྱི་45%ཟིན་གྱི་ཡོད།
         སེར་ཤུལ་རྫོང་དགེ་མང་ཤང་དགེ་གོང་གྲོང་ཚོ་2པའི་ལོ་26ལ་སླེབས་པའི་བདེ་དགའ་དང་ལོ་16ལ་སླེབས་པའི་གཅུང་མོ་འབྲུག་བདེ་གཉིས་ཀར་ཐུམ་འབུའི་ནད་གཞི་ཕོག་ཡོད་པ་དང་ཁོང་ཚོའི་ཨ་མ་ལོ་2གོང་ཐུམ་འབུའི་ནད་གཞི་ཕོག་ནས་ཚེ་ལས་འདས་ཤིང་། བདེ་དགས་དེ་ནི་རང་ཉིད་ལ་ཐུམ་འབུའི་ནད་གཞི་ཕོག་ཐེངས་གཉིས་པ་ཡིན་པ་དང་དེ་སྔོན་གཤག་བཅོས་ཐེངས་གཅིག་བྱེད་མྱོང་ཡོད་ཅེས་བཤད།
         བདེ་དགའ་གཤག་བཅོས་ཐེངས་གཉིས་པ་བྱེད་ཉེར་ཡོད་པ་དང་གཅུང་མོ་འབྲུག་བདེའི་ནད་གཞི་དེ་ཙམ་ལྕི་པོ་མེད་སྟབས་སྲིད་གཞུང་གིས་མཁོ་འདོན་བྱས་པའི་རིན་མེད་སྨན་ལ་བརྟེན་ནས་བཅོས་ཐབས་བྱེད་ཀྱི་ཡོད། ད་ཆ་བདེ་དགའ་དང་འདྲ་བའི་ཐུམ་འབུའི་ནད་ཕོག་རིགས་ལ་གཤག་བཅོས་བྱེད་རིང་སྨན་ཡོན་སྒོར་ཁྲི་2.5སྤྲོད་མི་དགོས་པའི་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་ཡོད་པ་དང་། འགྲོ་གྲོན་གཞན་དག་རྣམས་སྨན་བཅོས་འགན་བཅོལ་གྱི་གཏན་འབེབས་གཞིར་བཟུང་རྩིས་ཞུ་བྱེད་ཆོག་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ནད་པར་ད་དུང་སྲིད་གཞུང་དམངས་སྲིད་ཀྱི་སྨན་བཅོས་རོགས་སྐྱོབ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ནི་ཐུམ་འབུའི་ནད་འགོ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་བདེ་འཇགས་ཀྱི་འཐུང་ཆུ་འགན་ལེན་བྱས་ནས་ཆུ་འགོ་ནས་ནད་གཞི་འགོ་རྒྱུ་མེད་པ་བཟོ་ཆེད་སེར་ཤུལ་རྫོང་ནང་ཁུལ་གྱི་བདེ་འཇགས་ཁྲོན་པ་གསར་པ་184ན་ནིང་ལོ་མཇུག་ཏུ་ཚང་མ་སྤྱོད་འགོ་ཚུགས་པ་དང་རིམ་རྩིས་ལྟར་ན། མི་ཁྲི་6.6གི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་པ་རེད།
         སེར་ཤུལ་རྫོང་གི་རྫོང་དཔོན་གཞོན་པ་ཀྲུའུ་ཞའོ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐུམ་འབུའི་ནད་འགོག་བཅོས་བྱེད་མཁན་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། སྲིད་གཞུང་གིས་གྲོང་ཚོ་རེ་རེ་ནས་གཞོན་ནུ་རེ་བདམས་ཏེ་ཆེད་དོན་དཔུང་ཁག་བཙུགས་ནས་རྫོང་དེ་ཡོངས་ཀྱི་གྲོང་ཚོ་དང་མཉམ་ལས་ཁང་169རུ་སྨན་སྤྲོད་པ་དང་འཕྲོད་བསྟེན་ཤེས་བྱ་སྒྲོག་འགྲེལ་གྱི་ལས་དོན་སྤེལ་དུ་བཅུག་པ་ཡིན་ཞེས་བཤད་བྱུང་།
         ལོ་22ལ་སོན་པའི་རྡོ་ཉི་ནི་སེར་ཤུལ་རྫོང་འཇུ་སྒར་གྲོང་རྡལ་ཁྲེང་ཀོན་གྲོང་ཚོ་གཉིས་པའི་ཐུམ་འབུའི་ནད་གཞི་སེལ་མཁན་ཞིག་ཡིན་པ་དང་ཟླ་རེའི་ཚེས་10ཉིན་ནི་ཁོང་གྲོང་མིའི་སྒོ་འགྲམ་དུ་སྨན་བཅོས་བྱེད་པར་སྐྱོད་པའི་ཉིན་མོ་ཞིག་ཡིན་ཞིང་། ཁོང་གིས“ང་ཚོ་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་ཁོང་ཚོར་སྨན་སྤྲོད་པ་དང་ཆབས་ཅིག་ཐུམ་འབུའི་ནད་ཀྱི་ཉེན་ཁ་དང་འགོག་བཅོས་གང་འདྲ་བྱེད་དགོས་མིན་འགྲེལ་བཤད་རྒྱག་པ་དང་སྦྲགས་ཁྱི་ལ་དུས་ཐོག་ཏུ་སྨན་སྟེར་རྒྱུར་ལྟ་སྐུལ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།
         སེར་ཤུལ་རྫོང་ནད་རིགས་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣ་ཙུའོ་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐུམ་འབུའི་ནད་ནི་དང་ཐོག་ཕྱུགས་རིགས་ནས་འགོ་བ་དང་ཁྱིམ་ཚང་གི་ཕྱུགས་རིགས་མང་ཆེ་བར་ཐུམ་འབུའི་ནད་འགོ་སླ་པོ་ཡོད། འོན་ཀྱང་ཐུམ་འབུའི་ནད་དེ་ཁྱི་སོགས་ནས་མི་ལ་འགོ་བ་ལས་མི་ནས་སྲོག་ཆགས་ལ་འགོ་གི་མེད། “འབྲོག་ཁུལ་གྱི་ཐུམ་འབུའི་ནད་འགོག་བཅོས་ཐད་གལ་ཆེ་ཤོས་ཤིག་ནི་ཁྱི་ལ་དོ་དམ་ཡག་པོ་བྱ་རྒྱུ་དེ་རེད”ཅེས་བཤད་བྱུང་།
         “འཁྱམ་ཁྱི་དང་ཁྱི་ལ་ནད་གཞི་ཕོག་ཚད་མཐོ་ཙམ་ཡོད་པ་དེས་ཐུམ་འབུའི་ནད་འགོག་བཅོས་ཀྱི་ལས་དོན་ལ་འགྲན་སློང་ཧ་ཅང་ཆེན་པོ་ཞིག་འཕྲད་ཡོད”ཅེས་ཀྲུའུ་ཞའོ་ལིན་གྱིས་བཤད་པ་དང་། ཁོང་གིས་2015ལོའི་དགུན་ཁར་སེར་ཤུལ་རྫོང་སྲིད་གཞུང་གིས་མི་ཆིག་སྟོང་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་རྫོང་དེ་ཡོངས་ཀྱི་ཁྱི་25000ཙམ་ལ་མཐིལ་རྟོགས་བརྟག་དཔྱད་བྱས་ནས་ཡིག་ཚགས་བཟོས་ཡོད། རྫོང་ནོར་སྲིད་ནས་ཁྱོན་བསྡོམས་སྒོར་ཁྲི་417.6བཏང་སྟེ་ཁྱི་ལ་བྱང་བུ་བཏགས་ནས་ཐོ་འགོད་དང་དོ་དམ་ཚད་ལྡན་དུ་གཏོང་བའི་ལས་དོན་ཐད་སྤྱད་ཡོད་ཅེས་བཤད་བྱུང་། 
      

    ཕྱོགས་བསྡུས་གསར་འགྱུར།