འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་ལ་ཁྲིམས་འཛུགས་སྲུང་སྐྱོབ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 08:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་《མཚོ་སྔོན་ཞིང་ཆེན་ཁུ་ཁུ་ཤི་རིའི་རང་བྱུང་ཤུལ་བཞག་ཁུལ་སྲུང་སྐྱོབ་སྲོལ་ཡིག་》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དེ་ཐོག་ནས་གཙོད་ཀྱི་ཕ་ཡུལ་ཁུ་ཁུ་ཤི་རིར་ཁྲིམས་འཛུགས་སྲུང་སྐྱོབ་ཐོབ་པ་མཚོན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 《མཚོ་སྔོན་ཞིང་ཆེན་ཁུ་ཁུ་ཤི་རིའི་རང་བྱུང་ཤུལ་བཞག་ཁུལ་སྲུང་སྐྱོབ་སྲོལ་ཡིག་》དེ་ལེའུ་5ལ་དབྱེ་ནས་འཆར་འགོད་དང་། སྲུང་སྐྱོབ། བེད་སྤྱོད། དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ནས་ཁུ་ཁུ་ཤི་རི་ས་ཁུལ་གྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ལས་དོན་ཐད་བཅའ་ཁྲིམས་བཟོས་ཏེ་ཁུ་ཁུ་ཤི་རིའི་རང་བྱུང་ཤུལ་བཞག་ཁུལ་གྱི་འཆར་འགོད་དང་། སྲུང་སྐྱོབ། བེད་སྤྱོད། དོ་དམ་བཅས་དེ་དག་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་གཅིག་གྱུར་འགན་ཁུར་བྱེད་པ་དང་མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་ཞིབ་ཕྲའི་ལག་བསྟར་བྱ་རྒྱུ་རེད།
         《སྲོལ་ཡིག་》ནང་ཁུ་ཁུ་ཤི་རིའི་རང་བྱུང་ཤུལ་བཞག་ཁུལ་དུ་གཤམ་གྱི་བྱ་སྤྱོད་ནན་འགོག་བྱ་རྒྱུའི་གཏན་འབེབས་བྱས་པ་སྟེ། རི་གཤག་པ་དང་། རྡོ་སྔོག་པ། ས་འདྲུ་བ། གཏེར་ཁ་འདོན་པ་བཅས་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་གནས་སྤོ་དང་འཚོ་སྡོད་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་ལས་གྲྭ་འཛུགས་སྐྲུན་དང་། ཡུལ་སྐོར་གསར་སྤེལ། ཐོན་སྐྱེད་གཉེར་སྐྱོང་བཅས་དང་། ཕྱི་འོང་དངོས་རིགས་དང་དེའི་བཟོས་རྫས་དང་དེ་བཞིན་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འདུལ་གསོ་དང་། སྐྱེ་འཕེལ། རང་བྱུང་ཤུལ་བཞག་ཁུལ་གྱི་ས་མཚམས་ཕུར་པ་དང་། ས་མཚམས་རྡོ་རིང་། བདེ་འཇགས་ཉེན་བརྡ་སོགས་ཀྱི་མཚོན་རྟགས་གང་བྱུང་དུ་སྤོ་བའམ་ཡང་ན་གཏོར་བཤིག་གཏོང་བ་དང་དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་བཀག་སྡོམ་བྱས་པའི་བྱེད་སྤྱོད་གཞན་དག་བཅས་རེད། གོང་གསལ་གཏན་འབེབས་ལས་འགལ་ཚེ་སྒོར་3000ཡན་ནས་ཁྲི་60མན་གྱི་ཆད་པ་གཅོད་རྒྱུ་དང་འབྲེལ་དེ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།