འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ལྔའི་རྗེས་མཚོ་སྔོན་གྱི་བརྒྱ་ཆ་དགུ་བཅུ་ཡན་གྱི་གྲོང་ཚོའི་འཚོ་བའི་གད་སྙིགས་ཐག་
    གཅོད་ཡག་པོ་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་03ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་ལོ་ལྔའི་ཞིང་འབྲོག་ཁུལ་གྱི་གད་སྙིགས་ཆེད་དོན་བཅོས་སྒྲིག་གི་བྱེད་སྤྱོད་སྤེལ་རྒྱུ་ཡིན་པ་དང་། བྱེད་ཐབས་དེ་བརྒྱུད་2020ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ཁུལ་གྱི་90%ཡན་གྱི་གྲོང་ཚོའི་འཚོ་བའི་གད་སྙིགས་ཐག་གཅོད་གང་ལེགས་ཐུབ་པ་བྱ་རྒྱུ་རེད།
         《མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་གྱི་གད་སྙིགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ལོ་ལྔའི་ལས་ཀའི་ཇུས་གཞི་》གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ད་ཡོད་ཀྱི་གད་སྙིགས་ཐག་གཅོད་སྒྲིག་ཆས་བེད་སྤྱོད་གང་ལེགས་གཏོང་བའི་རྨང་གཞིའི་ཐོག མཚོ་སྔོན་ཞིང་ཆེན་གྱིས་སྒྲིག་གཞི་ཚང་བའི་གྲོང་རྡལ་དུ་ཞིང་འབྲོག་ཁུལ་གྱི་གད་སྙིགས་ཐག་གཅོད་སྒྲིག་ཆས་ཁག་གཅིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་བཏིང་ནས། ཞིང་འབྲོག་ཁུལ་གྱི་གད་སྙིགས་གནོད་མེད་ཐག་གཅོད་བྱེད་པའི་དགོས་མཁོ་སྐོང་བ་དང་སྦྲགས། གྲོང་སྡེའི་བཀོད་པ་དང་དཔལ་འབྱོར་ཆ་རྐྱེན་སོགས་ལ་གཞིགས་ཏེ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་དང་ཐག་གཅོད་བྱེད་སྟངས་གཏན་འཁེལ་གྱིས“གྲོང་ཚོས་བསྡུ་བ་དང་། གྲོང་རྡལ་གྱིས་དབོར་བ། རྫོང་གིས་ཐག་གཅོད”སོགས་རྣམ་པ་སྣ་ཚོགས་ཁྱབ་སྤེལ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་ཉེ་འཁོར་དང་། ཤང་གྲོང་ཉེ་འཁོར། རྒྱལ་ལམ་དང་ཞིང་ཆེན་ལམ། དེ་བཞིན་མཛེས་ལྗོངས་ཁུལ་དང་མི་འབོར་བལྟོས་བཅས་ཀྱིས་གཅིག་སྡུད་ཆེ་བའི་ཁུལ་སོགས་མངོན་གསལ་དོད་པའི་ཁུལ་གྱི་གད་སྙིགས་སྔོན་ལ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
         དུས་མཚུངས། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་དང་ཡུལ་བབ་དང་བསྟུན་པའི་རྩ་དོན་གཞིར་བཟུང་། ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་ཆེད་དོན་བཅོས་སྒྲིག་བྱེད་པའི་རྨང་གཞིའི་ཐོག ཁྱོན་ཡོངས་ནས་ཞིང་འབྲོག་ཁུལ་གྱི་གད་སྙིགས་རིགས་དབྱེ་ཉུང་འཕྲི་དང་ནུས་རྒྱུ་ཅན་དུ་བེད་སྤྱོད་རྒྱུ་ཁྱབ་སྤེལ་བཏང་སྟེ། ཞིང་འབྲོག་ཁུལ་དུ་སྒྲིག་བཀོད་སྒྲིག་ཆས་ཆ་ཚང་བ་དང་། བཅོས་སྒྲིག་གི་ལག་རྩལ་ཡག་པ། གཏན་འཁེལ་གྱི་གཙང་སྦྲའི་རུ་ཁག་ཡོད་པ། ཕུགས་འཕེར་གྱི་མ་དངུལ་གྱི་འགན་ལེན་ཡོད་པ་དང་། འཐུས་སྒོ་ཚང་བའི་ལྟ་སྐུལ་དོ་དམ་ལམ་ལུགས་ཡོད་པ་བཅས་ཀྱི་གད་སྙིགས་ཐག་གཅོད་ལམ་སྲོལ་འཛུགས་རྒྱུ་ཡིན་པ་རེད།
         ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དེ་བརྒྱུད། 2020ལོར་སླེབས་སྐབས་མཚོ་སྔོན་གྱིས་ཞིང་འབྲོག་ཁུལ་གྱི་ཕྱུགས་རིགས་དང་བྱ་རིགས་ཀྱི་སྨར་ལུད་རྩ་བའི་ཆ་ནས་ནུས་རྒྱུ་ཅན་དུ་བེད་སྤྱོད་ཐུབ་པ་དང་། ལོ་ཏོག་གི་སོག་མ་ཕྱོགས་བསྡུས་བེད་སྤྱོད་ཚད་85%ཡན་ཟིན་པ། ཞིང་སྤྱོད་འགྱིག་ཤོག་བསྡུ་ཚད་80%ཡན་ཟིན་པ། ཞིང་འབྲོག་ཁུལ་གྱི་90%ཡན་གྱི་གྲོང་སྡེའི་འཚོ་བའི་གད་སྙིགས་ཐག་གཅོད་གང་ལེགས་ཐུབ་པ་བཅས་བྱ་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།