འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཧོང་ཀྲུང་གི་མི་སེར་ཚོས“འདབ་བརྒྱད་པད་མའི”རིག་གནས་སྤུས་རྟགས་
    ལ་བརྟེན་ནས་འབབ་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་03ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལྷ་འབྲི་བྱས་ནས་ལོ་21སོང་བའི་གྲོང་མི་ལི་ཡུས་ཏེས་ད་ཆ་བརྐོས་རྒྱག་བཟོ་གྲྭ་ཞིག་ཏུ་ལག་ཤེས་ཐོན་རྫས་ལ་ཚོན་འབྲི་བྱེད་ཀྱི་ཡོད། ཁོང་གིས་ཚོན་འབྲི་ནི་ལག་ཤེས་ཐོན་རྫས་ཐོན་སྐྱེད་བརྒྱུད་རིམ་ནང་གི་འགག་སྒོ་མཐའ་མ་དེ་ཡིན་ཞེས་བརྗོད་བྱུང་།
         ལོ་43ལ་སོན་པའི་ལི་ཡུས་ཏེ་ནི་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་ལུའུ་ཧྲ་གྲོང་རྡལ་ཁྲེན་ཅ་ཐེན་གྲོང་ཚོ་ནས་ཡིན་ཞིང་། ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་པོ་ཡོད་སྟབས་དམའ་རིམ་སློབ་འབྲིང་ཐོན་རྗེས་སྐུ་འབུམ་བྱམས་པ་གླིང་དུ་ཚོན་འབྲི་ལོ་6སྦྱངས་རྗེས་གྲོང་ཚོའི་བརྐོས་རྒྱག་བཟོ་གྲྭ་ཞིག་ཏུ་ད་བར་ཕྱག་ལས་གནང་ཡོད།
         ཁོང་གིས“དངུལ་ཟངས་ཡོ་ཆས་བཟོ་བ་དང་ཤིང་ལ་བརྐོས་རྒྱག་པ་ནི་ཧོང་ཀྲུང་རྫོང་གི་རིག་གནས་ཐོན་ལས་ཡིན། ལག་ཤེས་ཐོན་རྫས་དེ་དག་ལ་ཚོན་འབྲི་བྱས་ནས་ཟླ་རེར་གླ་ཆ་སྒོར་4000ཡོད། དེ་ནི་རིག་གནས་ལ་བརྟེན་ནས་ཡོང་འབབ་གསོག་པ་ཞིག་མ་རེད་དམ”ཞེས་བརྗོད་བྱུང་།
         བོད་བརྒྱུད་ནང་བསྟན་གྱི་སྐུ་འབུམ་བྱམས་པ་གླིང་ཡོད་པའི་ཧོང་ཀྲུང་རྫོང་གིས་ཕུན་སུམ་ཚོགས་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལ་བརྟེན་ནས་དངུལ་ཟངས་ཡོ་བྱད་དང་། འཚེམ་དྲུབ། གསེར་ཚག བརྐོས་རྒྱག ལྡེབས་རིས། བོད་རུམ། དམངས་ཁྲོད་རི་མོ། འཇིམ་བཟོ་བཅས་སྒྱུ་རྩལ་རིགས་བརྒྱད་འཕེལ་རྒྱས་བཏང་བས“འདབ་བརྒྱད་པད་མ”ཞེས་བརྗོད་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཧོང་ཀྲུང་རྫོང་སྲིད་གཞུང་གིས་སྔ་རྗེས་སུ་སྒོར་དུང་ཕྱུར་4བཏང་ནས་རིག་གནས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གསོ་སྦྱོང་ལ་སྐུལ་འདེད་བཏང་བས་མིག་སྔར་ཐོ་བཀོད་པའི་རིག་གནས་ཁེ་ལས་70དང་སྒེར་གཉེར་ཚོང་དུད་500ལྷག་ཙམ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ཕྱི་ནང་དུ་ཕྱིར་ཚོང་ས་ཚིགས་500ལྷག་ཙམ་ཡོད་པས་ས་གནས་དེ་གའི་མང་ཚོགས་ཁྲི་2.4རིག་གནས་ཐོན་ལས་ལ་གཞོལ་རྒྱུའི་སྣེ་ཁྲིད་བྱས་ཡོད།
         མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་ཡུལ་སྐོར་རིག་གནས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ལི་ཡུས་ཧྲོའུ་ཡིས“ཁེ་ལས་ཆེན་པོས་མངགས་ཐོ་ཆེན་པོ་ལེན་པ་དང་བཟོ་ཁང་ཆུང་གྲས་ཀྱིས་མངགས་ཐོ་ཙག་ཙིག་བླངས་ནས་གང་སར་བྲེལ་འཚུབ་ཀྱིས་ཁེངས་ཡོད། 2015ལོར་ཧོང་ཀྲུང་རྫོང་གི་རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་9.6ཟིན་གྱི་ཡོད”ཅེས་བརྗོད་བྱུང་།
         མིག་སྔར་ཧོང་ཀྲུང་རྫོང་གིས་བསྐྲུན་ཟིན་པའི་མཚོ་སྔོན་བོད་རིགས་རིག་གནས་ཁང་དང་། མཚོ་སྔོན་བོད་རིགས་རིག་གནས་གསར་གཏོད་ཐོན་ལས་གླིང་། མཚོ་སྔོན་གྱི“འདབ་བརྒྱད་པད་མའི”མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་ལྟེ་གནས་སོགས་ཚུད་པའི་ཁྲེན་ཅ་ཐེན་རིག་གནས་ཡུལ་སྐོར་ཐོན་ལས་གླིང་གཏོད་དེ་ཧོང་ཀྲུང་རྫོང་གི་རིག་གནས་གསར་གཏོད་ཐོན་ལས་སྦྲེལ་ཐག་དང་རིག་གནས་ཡུལ་སྐོར་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་བཞིན་ཡོད།
         ལི་ཡུས་ཧྲོའུ་ཡིས“དམངས་ཁྲོད་ཀྱི་ལག་ཤེས་རིགས་བརྒྱད་མཚོན་པའི‘འདབ་བརྒྱད་པད་མ’དེ་ད་ཆ་རྫོང་ནང་གི་གྲགས་ཅན་གྱི་རིག་གནས་ཐོན་ལས་སུ་གྱུར་ཡོད། གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད‘འདབ་བརྒྱད་པད་མའི’སྤུས་རྟགས་ལ་བརྟེན་ནས། རྫོང་གི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་རིག་གནས་ཐོན་ལས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་མི་སེར་ཚོ་ཕྱུག་འགྱུར་ཕྱོགས་སུ་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།