འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིག་དངོས་སྲུང་སྐྱོབ་འགན་འཁྲི་ཚེ་གང་བདའ་འདེད་
    གཏོང་དགོས་ལུགས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་03ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གནས་སྤོ་མི་ཆོག་པའི་རིག་དངོས་ཐད་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་310བཏང་བ་དང་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཁྲི་1ལྷག་ཙམ་བཀོད་སྒྲིག་བྱས་ནས་དར་གོས་ལམ་བུའི་རྒྱུད་ཀྱི་རིག་དངོས་དང་། ལྕགས་རི་རིང་པོ། ཧྲན་ཤིས་ལྷོ་རྒྱུད་ཀྱི་གནའ་བོའི་སྐྲུན་དངོས། ས་ཡོམ་རྗེས་ཀྱི་རིག་དངོས། ཆུ་འོག་རིག་དངོས་ཤུལ་བཞག་སོགས་རྩ་ཆེའི་རིག་དངོས་འབོར་ཆེན་ཞིག་སྲུང་སྐྱོབ་ནུས་ལྡན་ཐུབ་པ་དང་། གནས་སྤོ་ཆོག་པའི་རིག་དངོས་སྲུང་སྐྱོབ་ཐད་རིམ་རྩིས་བྱས་ན་གནས་སྤོ་ཆོག་པའི་རིག་དངོས་སླར་གསོ་དང་རྟེན་རྫས་བཤམས་མཛོད་ཁང་གི་ཉར་ཚགས་དངོས་རྫས་ཀྱི་སྔོན་འགོག་རང་བཞིན་སྲུང་སྐྱོབ་རྣམ་གྲངས་800ལྷག་ཙམ་ལེགས་གྲུབ་བྱུང་བ་དང་། མཛོད་ཉར་རིག་དངོས་ཁྲི་4ལྷག་ཙམ་སླར་གསོ་ཐུབ་ཡོད། ཉེ་ཆར་རྒྱལ་ཁབ་རིག་དངོས་ཅུས་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་ཀྲུའུ་ཞའོ་ཏུང་གིས་རིག་གནས་པུའི་ཡོངས་བསྒྲགས་ཚོགས་འདུའི་ཐོག“ཡིན་ནའང་། རིག་དངོས་ཐད་སྔར་བཞིན་རང་བྱུང་གནོད་འཚེ་དང་མིའི་གཏོར་སྐྱོན་གྱི་ཉེན་ཁ་འཕྲད་བཞིན་ཡོད་པ་དང་། མཛོད་ཉར་རིག་དངོས་50%རུལ་བསླད་སྲིད་པའི་ཉེན་ཁ་ཡོད་པས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོབ་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་འཇོག་དགོས”ཞེས་བཤད་པ་རེད།
            ཀྲུའུ་ཞའོ་ཏུང་གིས“རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་3པར་《རིག་དངོས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཏོན་ནས‘འགན་འཁྲི་བདའ་འདེད་ནན་པོ’གཏོང་བའི་ས་བཅད་གཅིག་ཆེད་མངགས་བཟོས་ཏེ་《རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་ནང་དོན་གཞིར་བཟུང་བསྐྱར་དུ་ནན་བཤད་བྱས་པ་དང་། མངོན་གསལ་ཆེ་ཤོས་ཤིག་ནི་རིག་དངོས་སྲུང་སྐྱོབ་ཀྱི་འགན་འཁྲི་ཚེ་གང་བདའ་འདེད་ལམ་ལུགས་གསར་དུ་བཙུགས་པ་དེ་རེད། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལས་དོན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་བླང་བྱ་གསར་པ་དང་འཚམ་པ་བྱས་ཡོད། རིག་དངོས་སྲུང་སྐྱོབ་འགོ་ཁྲིད་ཀྱི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་བསམ་བློའི་ཐད་སྣང་ཆེན་མི་བྱེད་པ་དང་ལས་དོན་ཐད་དོན་འཁྱོལ་ཡག་པོ་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་ཡག་ཤོས་ནི་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་ཉིད་ས་གནས་སྲིད་གཞུང་འགོ་ཁྲིད་ཚན་ཁག་གི་ལས་རྗེས་དཔྱད་ཞིབ་ནང་དོན་ལ་བརྩིས་ཏེ་དཔྱད་ཞིབ་དམིགས་ཚད་ནང་འཇུག་རྒྱུ་དེ་རེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།