འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཀྱི་ས་མཐོའི་འབྲོག་ཁུལ་གྱི“གནད་སྨིན་དབུལ་སྐྱོར”

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཐོ་ཚད་སྨི་3000ལས་བརྒལ་བའི་སི་ཁྲོན་བྲག་འགོ་རྫོང་གཙང་སྟོད་ཤང་ཅ་ལུང་གྲོང་ཚོའི་དུད་ཚང་དབུལ་པོའི་རོལ་ལྷ་གཅིག་པུས་ཕྲུ་གུ་ལྔ་གསོ་གི་ཡོད། ཁྱིམ་ཚང་ནང་ངལ་ནུས་མེད་སྟབས་བཞོན་མ་8ཡོད་རུང་དེའི་ཡོང་འབབ་ཀྱིས་འཚོ་བ་འཁྱོལ་ཙམ་ལས་མེད།
         རོལ་ལྷ་དང་འདྲ་བའི་འབྲོག་ཁུལ་གྱི་དུད་ཚང་དབུལ་པོར་རོགས་རམ་སྣ་ཚོགས་སྔ་རྗེས་སུ་ཐོབ་བཞིན་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་ནོར་བུས་གྲོང་ཚོས་རོལ་ལྷར་སྤུས་ལེགས་བཞོན་མ་གཉིས་སྤྲོད་རྩིས་ཡོད་པ་དང་རོལ་ལྷའི་ཁྱིམ་གྱི་བུ་རྒན་པ་ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཏུའུ་ཆུས་སུ་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་ཕྲུ་གུ་འབྲིང་བ་གཉིས་ཉེ་འགྲམ་གྱི་རྟའུ་རྫོང་གི་སློབ་གྲྭར་སྐྱོད་ཀྱི་ཡོད་པས་རྒྱལ་ཁབ་ཀྱིས་སློབ་ཡོན་ཚང་མ་ཆག་ཡང་དང་རྩ་ཆག་གཏོང་གི་ཡོད་སྟབས་རང་ཉིད་ཀྱིས་འཚོ་བའི་འགྲོ་སོང་ཕྲན་བུ་ལས་གཏོང་དགོས་ཀྱི་མེད།
         དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བྲག་འགོ་རྫོང་དབུལ་སྐྱོར་གསར་སྤེལ་དང་གནས་སྤོས་མི་སེར་ལས་དོན་ཅུས་ཀྱི་ཅུས་ཀྲང་ཡ་མ་ལེགས་མཚོས་རྫོང་དེ་ཡོངས་ཀྱི་ཤང་གྲོང་16ཁྲོད་འབྲོག་ལས་རྐྱང་པའི་ཤང་6ཡོད་པ་དང་འབྲོག་ཁུལ་གྱི་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོ་946དང་མི་འབོར་དབུལ་པོ་3535ཡོད་པ་རེད། འབྲོག་ཁུལ་མང་ཆེ་བ་མཐོ་གྲང་དང་ཐག་རིང་ས་ཁུལ་དུ་གནས་པས་འབྲོག་ཁུལ་གྱི་ཐོན་ལས་སྐྱེད་སྲིང་བྱེད་ཁག་པོ་ཡོད་པ་དེ“གནད་སྨིན་དབུལ་སྐྱོར”བྱེད་དཀའ་བའི་ཁུལ་དེ་ཡིན།
         ལོ་67ལ་སླེབས་པའི་ཕྱུགས་རིགས་མེད་པའི་དུད་ཚང་དཔའ་བསྟན་ནི་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་ཡིན་པ་དང་ལོ་80ལ་སླེབས་པའི་བཟའ་ཟླར་སྐྲན་ནད་ཕོག་ཏེ་ལོ་མང་གི་སྨན་བཅོས་འགྲོ་སོང་ལས་ཁྱིམ་ཚང་དེའི་བུ་ལོན་ཇེ་མང་དུ་སོང་ནས་དབུལ་པོ་དབུལ་རྐྱང་དུ་གྱུར་ཡོད། དཔའ་བསྟན་གྱིས“དེ་སྔ་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་སྒོ་རྩིས་ཚོང་ཁང་ཆུང་ཆུང་དེ་ཡིན་མོད། འོན་ཀྱང་ཐོན་ཟོག་གསར་པ་ཉོ་སྒྲུབ་བྱེད་པའི་དངུལ་མེད་པའི་ཁར་གྲོང་ཚོའི་ནང་ཚོང་ཁང་གཞན་ཡོད་པས་སྒོ་རྩིས་ཚོང་ཁང་དེ་སྒོ་རྒྱག་དགོས་བྱུང”ཞེས་བཤད།
         གཙང་སྟོད་ཤང་གི་ཤང་ཀྲང་གཞོན་པ་ལེའོ་ཝུན་ཅུས་ཀྱིས“ང་ཚོས་རྫོང་ལ་དཔའ་བསྟན་གྱི་གནས་ཚུལ་སྙན་སེང་ཞུས་པ་ཡིན། ད་ཆ་ཁོང་ལ་སྐྱེད་མེད་དངུལ་བུན་སྒོར་ཁྲི་2རག་ཐབས་བྱས་ནས་ཁོང་ཁྱིམ་གྱི་སྒོ་རྩིས་ཚོང་ཁང་དེ་ཡང་བསྐྱར་སྒོ་ཕྱེ་ཐུབ་པ་བྱེད་རྩིས་ཡོད། རོལ་ལྷ་དང་དཔའ་བསྟན་ཚང་མ‘མ་མཐའི་འཚོ་བ་འགན་ལེན་གྱི་རིགས་དང་པོ’དང‘གནད་སྨིན་དབུལ་སྐྱོར’གྱི་ཁྱབ་ཁོངས་སུ་བཅུག་ནས་མི་རེར་ཟླ་རེར་ཆ་སྙོམས་སྒོར་106དང་མི་རེར་ལོ་རེར་ཆ་སྙོམས་སྒོར་546གི་སྲིད་གཞུང་གི་དམངས་སྲིད་རོགས་སྐྱོར་ལོངས་སུ་སྤྱོད་རྒྱུ་ཡོད”ཅེས་བཤད།
         རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡོད་པའི་སེར་ཤུལ་རྫོང་དགེ་མང་ཤང་གི་ས་སྟོང་ཞིག་ཏུ་སྔོ་ཚལ་འགྱིག་ཤོག་དྲོད་ཁང་སྟར་པ་ཁ་ཤས་སྐྲུན་ཡོད་པ་དེ་དགུན་དུས་ཀྱི་སེར་པོར་གྱུར་བའི་རྩྭ་ཐང་ཐོག་དེ་བས་མངོན་གསལ་དོད་པ་ཞིག་འདུག དབུལ་པོའི་འབྲོག་པ་གསུམ་གྱིས་ཀན་སུའུ་པའེ་ཡིང་གི་ལག་རྩལ་པ་གཡང་སྒྲོ་ཡི་ས་ནས་ས་མཐོའི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་འདེབས་འཛུགས་ལག་རྩལ་སྦྱངས་པས་འགྱིག་ཤོག་དྲོད་ཁང་ནང་ཀྲོ་མ་ཀྲུའུ་དང་སུར་པན་སོགས་སྔོ་ཚལ་སོས་པ་སྐྱེས་ཡོད་པ་རེད།
         སློབ་སྦྱོང་བྱེད་པར་ཡོང་བའི་དགེ་མང་ཤང་གི་གྲོང་ཚོ་དང་པོའི་འབྲོག་པ་དབུལ་པོ་ཧྲ་ཏི་ཡིས་གཞེས་ནིང་ཁྱིམ་ལ་འབྲི་གཡག་མགོ་གྲངས་20ཙམ་ཡོད་རུང་གངས་སྐྱོན་ཁྲོད་ཚང་མ་མེད་པར་གྱུར་སོང་། རང་ཉིད་ཀྱིས་འདི་གར་འགྱིག་ཤོག་དྲོད་ཁང་གི་སྔོ་ཚལ་འདེབས་སྟངས་སྦྱངས་ནས་སྔོ་ཚལ་ལ་གཡོག་བྱེད་བྱེད་ཀྱི་ཡོད་པས་ཟླ་རེར་སྒོར་500ལེན་རྒྱུ་ཡོད། རྗེས་སུ་ལག་རྩལ་བྱང་ཆུབ་པ་ཤེས་རྗེས་རང་ཉིད་ཀྱིས་ཀྱང་འགྱིག་ཤོག་དྲོད་ཁང་སྐྲུན་གྱི་ཡིན་ཞེས་གསར་འགོད་པར་བཤད།
         གཡང་སྒྲོས“མི་གསུམ་པོ་དེ་དག་ལ་ལག་རྩལ་བསླབ་ཟིན་རྗེས་སྔོ་ཚལ་འགྱིག་ཤོག་དྲོད་ཁང་གྲོང་ཚོའི་མཉམ་ལས་ཁང་ལ་རྩིས་སྤྲོད་ཀྱི་ཡིན། མཉམ་ལས་ཁང་གིས་ཁོང་ཚོ་གཡོག་བྱེད་བྱེད་པར་གདན་ཞུ་བྱེད་ངེས་རེད། འགྱིག་ཤོག་དྲོད་ཁང་གཅིག་ནས་ཟླ་8ལ་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་30000ཡོང་གི་ཡོད་པ་དང་འགྱིག་ཤོག་དྲོད་ཁང་གཅིག་ལ་གཡོག་བྱེད་བྱེད་མཁན་གཅིག་ལས་དགོས་ཀྱི་མེད”ཅེས་བཤད།
         དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དབུལ་སྐྱོར་དང་གནས་སྤོས་མི་སེར་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚའོ་གཡང་གིས་དཀར་མཛེས་ཀྲོའུ་ཡིས“གྲོང་ཚོ་རེར་སྣ་ཁ་རེ་དང་། དུད་ཚང་རེར་ཐབས་ཇུས་རེ”ཡི་ཐོན་ལས་དབུལ་སྐྱོར་ལས་ཀའི་བསམ་ཕྱོགས་གཞིར་བཟུང་གཙོ་གནད་ཐོག་དབུལ་སྐྱོར་དང་འབབ་འཕར་བརྟན་པོ་ཡོད་པའི་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་ཕྱོགས་ནས་འདི་ལོ་ཐོན་ལས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་21890བཀོད་སྒྲིག་བྱས་ཏེ་གཙོ་གནད་ཐོག་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཐད་སྤྱོད་རྒྱུའི་ནང་གྲོང་ཚོ་དབུལ་པོར་ཐོན་ལས་ཀྱི་རོགས་སྐྱོར་ཁ་འཁོར་མ་དངུལ་སྒོར་5800དང་དབུལ་སྐྱོར་གྱི་སྐྱེད་མེད་དངུལ་བུན་རྣམ་གྲངས་ཁག་བཞི་བཀོད་སྒྲིག་བྱས་པར་དངུལ་བུན་གྱི་གཞི་ཁྱོན་སྒོར་ཁྲི་4600ཟིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།