འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་པེ་ཧྲི་དབྱན་གྱིས"སྣོད་བཅུད་ལེགས་པོ"དེ"སྣོད་བཅུད་འབྱོར་ཕྱུག"ཏུ་བསྒྱུར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། "དེ་སྔ་ཞིང་ཁྱིམ་སྤྲོ་ཁང་གི་བཙོག་ཆུ་དག་ཐད་ཀར་གཙང་པོའི་ནང་འབུད་ཀྱི་ཡོད། ཡུལ་སྐོར་བྱེད་མང་བའི་དུས་ཚིགས་སུ་གཙང་འགྲམ་ནས་དྲི་ངན་ཆེ་བའི་དབང་གིས་སྣ་ཁུག་བཀབ་ནས་འགྲོ་རྒྱུ་ལས་མ་འདས"ཞེས་ཧུའུ་པེ་ཧྲི་དབྱན་ཡུན་དབྱང་ཆུས་དབྱིང་ཐའོ་ཀོའུ་གྲོང་ཚོའི་ཞིང་ཁྱིམ་སྤྲོ་ཁང་གི་སྦྱིན་བདག་ཀྲོའུ་ཏན་ཆོན་གྱིས་བཤད། ལོ་གཉིས་ནང་ཧྲི་དབྱན་གྱི"ཆུ་སྲུང"བྱ་སྤྱོད་མང་པོ་སྤེལ་བར་བརྟེན་དབྱིང་ཐའོ་ཀོའུ་རུ་བཙོག་ཆུ་གང་སར་འཁྱིལ་བའི་ལོ་རྒྱུས་མཇུག་འགྲིལ་ཏེ་ཡུལ་སྐོར་བ་སླར་ཡང་དེ་གར་ཡོང་འགོ་ཚུགས་པ་རེད།
          ད་ཆའི་དབྱིང་ཐའོ་ཀོའུ་རུ་སྒོ་རའི་རྣམ་པའི་མི་བཟོས་འདམ་ར་58ཡོད་པ་དག་གིས་ཞིང་ཁྱིམ་སྤྲོ་ཁང་དང་གཙང་པོའི་འགྲམ་གྱི་ཞིང་དུད་ཀྱི་བཙོག་ཆུ་གཙང་སེལ་བྱེད་ཀྱི་ཡོད། ཤང་གྲོང་གི་ཡུལ་སྐོར་དང་སྔོ་ཚལ་དང་ཤིང་ཏོག་ལ་བརྟེན་པ་ལས་ལོ་གསུམ་ནང་ཞིང་པའི་ཡོང་འབབ་ལྡབ་10ཙམ་འཕར་ཡོད། "སྣོད་བཅུད་མི་ཉམས་གོང་འཕེལ་ཡོང་བ་དང་མི་སེར་ཚོར་སྣོད་བཅུད་ལེགས་པོའི་ཁྲོད་ནས་ཕན་པ་ཐོབ་པ་བྱས་ཚེ་འཁོར་རྒྱུག་བཟང་པོ་ཞིག་ཡོང་ཐུབ"ཅེས་ཡུན་དབྱང་ཆུས་ཨུད་ཀྱི་ཧྲུའུ་ཅི་སུན་ཏའོ་ཅུན་གྱིས་མྱོང་ཚོར་ཟབ་མོས་བཤད་པ་རེད།
         ཧྲི་དབྱན་ནི་སྐད་གྲགས་ལྡན་པའི"རླངས་འཁོར་གྲོང་ཁྱེར"ཞིག་ཡིན། ས་འོག་གི་ཆུ་འགྲོའི་སྒྲིག་ཆས་ཞན་ཁར་བཟོ་ལས་དང་འཚོ་བའི་བཙོག་ཆུ་གཙང་པོར་ཐད་ཀར་འབུད་པས་གཙང་རྒྱུད་དུ་སྦགས་བཙོག་ཚབས་ཆེན་ཆགས་ཡོད། ཆུ་རགས་ཁུལ་དང་། ཆུ་མཛོད་ཁུལ་གཙོ་བོ། ལྟེ་བའི་ཆུ་ཁུངས་ཁུལ་བཅས་ཡིན་པའི་ལྷོ་ཆུ་ནང་འདྲེན་གྱི་དཀྱིལ་ལམ་ལས་གྲྭའི"མཛོད་གཅིག་གི་གཙང་ཆུ་བྱང་འདྲེན"འགན་ལེན་བྱ་རྒྱུ་ནི་ཧྲི་དབྱན་གྱི་ཆབ་སྲིད་ལས་འགན་ཞིག་ཡིན་ལ། ཆུ་མཛོད་ཁུལ་གྱི་མི་སེར་ཚོར་ལྷོ་ཆུ་བྱང་འདྲེན་ལས་གྲྭ་ལས་ཕན་པ་ཐོབ་པ་བྱ་རྒྱུ་ནི་སྒྲུབ་འོས་པའི་ལས་འགན་ཞིག་ཀྱང་ཡིན། ལོ་གསུམ་ནང་ཧྲི་དབྱན་གྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་17.47བཏང་ནས་བཙོག་འབུད་མདོ་ཁ་590བཅོས་སྒྲིག་བྱས་པ་དང་། བཙོག་ཆུ་དང་གཙང་ཆུ་དབྱེ་འབྱེད་མདོང་ལམ་སྤྱི་ལེ་1000ལྷག་ཙམ་བསྐྲུན་པ། ཧོང་ཅང་ཐོན་ལས་དང་ཕྱུགས་རིགས་དང་བྱ་རིགས་གསོ་ཚགས་ལས་རིགས་སྤེལ་མཚམས་བཞག་པ། ཐོན་སྒྱུར་གཞི་ཁྱོན་དང་དེ་བཞིན་ཁེ་ལས་560སྒོ་བརྒྱབ་ཡོད་པ་རེད། གྲོང་ཁྱེར་ལྷོ་ཆུ་བྱང་འདྲེན་གཞུང་ལས་ཁང་གི་ཀྲུའུ་རེན་ཝུའུ་ཧྥང་གིས་ཆེ་ས་མདོང་ལམ་འཛུགས་སྐྲུན་དང་གཙང་ཆུ་བཅོས་སྒྲིག་ནས་ཆུང་ས་ཤང་གྲོང་བཙོག་ཆུ་གཅིག་སྡུད་གཙང་སེལ་དང་གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་བར་སོགས་ཚང་མ་ཧྲི་དབྱན་གྱི་བཙོག་ཆུ་གཙང་སེལ་ལས་གྲྭའི་ནང་བཅུག་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         "གྲོང་ཁྱེར་གྱི་བཙོག་ཆུ་གཙང་པོར་མ་འབུད་གོང་གཙང་གསིང་བྱེད་པ་དང་གཙང་ཆུ་ཆུ་མཛོད་ནང་མ་འདྲེན་གོང་ཆུ་སྤུས་གཙང་སེལ་ལས་གྲྭ་བརྒྱུད་སྔར་བས་གཙང་སེལ་བྱས་ནས་ཆུ་མཛོད་ཁུལ་གཙང་མ་ཡོང་བ་བྱེད་དགོས་ཀྱི་ཡོད"ཅེས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཁོར་ཡུག་སྲུང་སྐྱོང་སུའོ་ཡི་སུའོ་ཀྲང་ཁྲང་ཅུན་ཆིང་གིས་བཤད་པ་དང་། ཁོང་གིས་འཛམ་གླིང་ལ་བཙོག་ཆུ་གཙང་སེལ་ལག་རྩལ་ཁག་34ཡོད་པའི་ནང་ཧྲི་དབྱན་དུ་ཁག་26སྤྱོད་འགོ་ཚུགས་ཡོད་ཅེས་བཤད་པ་རེད།
          "སྣོད་བཅུད་ལེགས་པོ"དེ"སྣོད་བཅུད་འབྱོར་ཕྱུག"ཏུ་བསྒྱུར་ཆེད་ཧྲི་དབྱན་གྱིས་མིག་སྔར་འོར་ཨར་འོར་དང་ལྗང་གྲོང་སོགས་གྲགས་ཅན་ཁེ་ལས་སྔ་རྗེས་སུ་ནང་འདྲེན་བྱས་ཤིང་། ལོ་གཉིས་ནང་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མས་GDPཡི་15%ཙམ་བཟུང་ཡོད། བཙོག་ཆུ་གཙང་གསེལ་བརྒྱུད་རིམ་ནང་སྣོད་བཅུད་སྤྲོ་གསེང་ཞིང་ལས་དང་སྣོད་བཅུད་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཞིང་པ་དང་ལྷག་དོན་དུ་གནས་སྤོས་མི་སྣར་ཡོང་འབབ་སྔར་བས་མང་པོ་བྱུང་ཡོད། "ང་ཚོས་མ་དངུལ་ནང་འདྲེན་གྱི་རྣམ་གྲངས་གདམ་གསེས་བྱེད་བཞིན་ཡོད། ལིའུ་ཕོ་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་བརྟེན་ནས་སྣོད་བཅུད་སྤྲོ་གསེང་ཞིང་ལས་འཕེལ་རྒྱས་བཏང་སྟེ་མི་སེར་ཚོ་སྒོ་རྩར་ལས་ཞུགས་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་ཡིན"ཞེས་ཡུན་དབྱང་ཆུས་ལིའུ་ཕོ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཆིན་ཙེ་དབྱིན་གྱིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།