འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དམངས་གཙོའི་བཅོས་སྒྱུར་1959ལོར་བྱེད་དོན་ཅི་ཡིན་ནམ། 

    —— “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི”སྐབས་སུ་བྲིས། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         1951ལོའི་ཟླ་5ཚེས་23ཉིན་《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་གྱི་གྲོས་མཐུན་》(“གྲོས་མཐུན་དོན་ཚན་བཅུ་བདུན”)ལ་མིང་རྟགས་བཀོད་རྗེས་བོད་ས་གནས་ཀྱི་ལོ་རྒྱུས་འཕེལ་རྒྱས་དུས་སྐབས་གསར་རྐྱང་ཞིག་ཏུ་སླེབས་ཡོད། “གྲོས་མཐུན་དོན་ཚན་བཅུ་བདུན”གྱི་གཏན་འབེབས་དོན་འཁྱོལ་བྱ་ཆེད་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་ཞིབ་ཕྲའི་དོན་དངོས་ནས་འགོ་བརྩམས་ཏེ་དུས་བབ་ལ་བརྡར་ཤ་ཡང་དག་བཅད་པ་དང་ལས་དོན་གཏིང་ཟབ་སྤེལ་ནས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་དཀའ་གནད་དང་འགྲན་སློང་ལ་ཁ་གཏད་བཅག་པ་སྟེ། དམག་དོན་ཐད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་ནས་བོད་དམག་ཁུལ་ཁང་བཙུགས་ཏེ་མཐའ་མཚམས་བཅའ་སྲུང་དང་རྒྱལ་སྲུང་སྲ་བརྟན་དུ་བཏང་བ་དང་། དཔལ་འབྱོར་ཐད་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གིས་ཐོན་སྐྱེད་ཆེ་མོ་བྱས་པ་དང་རྒྱ་གར་དང་ནེ་པ་ལའི་དབར་གྱི་ཚོང་དོན་བགྲོད་ལམ་བཏོད་ནས་མཁོ་སྤྲོད་རག་ཐབས་བྱས་པ་དང་ནང་ས་ནས་བོད་ལྗོངས་བར་གྱི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གཞི་རྩའི་ཆ་ནས་བོད་སྐྱོད་མི་སྣའི་དངོས་ཟོག་འགན་ལེན་གྱི་གནད་དོན་ཐག་གཅོད་བྱས་པ། རྩ་འཛུགས་ཐད་བོད་ལྗོངས་ལས་དོན་ཨུ་ལྷན་བཙུགས་ནས་གཅིག་གྱུར་འགོ་ཁྲིད་ཐུབ་པའི་འགན་ལེན་བྱས་པ། ཆབ་སྲིད་ཐད་གཟབ་བརླིང་བརྟན་སྐྱོད་ཐུབ་ལ་བློ་ཁོག་ཆེན་པོས་ལས་དོན་སྤེལ་ཏེ་ཆེས་རྒྱ་ཁྱབ་ཀྱི་གཅིག་གྱུར་འཐབ་ཕྱོགས་བཙུགས་ཡོད་ལ་གཡས་ཐལ་ལོག་སྤྱོད་ཕྱོགས་གཏོགས་དང་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་བར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ཡིན་ནའང་འཕྲལ་མ་ཉིད་དུ་དམངས་གཙོའི་བཅོས་སྒྱུར་བྱས་མེད་པ་རེད།
         བོད་ལྗོངས་ས་ཁུལ་གྱི་དམངས་གཙོའི་བཅོས་སྒྱུར་ཐད“གྲོས་མཐུན་དོན་ཚན་བཅུ་བདུན”གྱི་དོན་ཚན་བཅུ་གཅིག་པའི་ནང“འབྲེལ་ཡོད་བོད་ཀྱི་བཅོས་སྒྱུར་དོ་གནད་གཞན་ཁག་ལ་ཀྲུང་དབྱང་གིས་བཙན་ཤེད་བྱེད་རྒྱུ་མེད། བོད་ས་གནས་སྲིད་གཞུང་གིས་རང་རྟོགས་ངང་བཅོས་སྒྱུར་བྱེད་དགོས་པ་དང་མི་དམངས་ཀྱིས་བཅོས་སྒྱུར་གྱི་རེ་བ་འདོན་སྐབས་བོད་ཀྱི་འགོ་ཁྲིད་མི་སྣ་དང་གྲོས་མོལ་བྱེད་པའི་བྱ་ཐབས་སྤྱད་ནས་ཐག་གཅོད་བྱེད་དགོས”ཞེས་གཏན་འབེབས་བྱས་ཡོད། བོད་ས་གནས་ཀྱི་དོན་དངོས་གནས་ཚུལ་ལ་བསམ་གཞིག་བྱས་ཏེ་ཀླ་ཀློ་དང་། གདུག་རྩུབ། རྗེས་ལུས་བཅས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མདུན་དུ་ཀྲུང་དབྱང་སྲིད་གཞུང་གིས་སྔར་བཞིན་བཟོད་སྒོམ་ཆེན་པོའི་ངང་ཞི་བའི་བྱ་ཐབས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུའི་ཐུགས་རེ་གནང་ཡོད། ཡིན་ནའང་“གྲོས་མཐུན་དོན་ཚན་བཅུ་བདུན”དོན་འཁྱོལ་བྱེད་འགོ་ཚུགས་མ་ཐག་པའི་སྐབས་སུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་སྟོབས་ཤུགས་ཀྱི་འགོག་རྐྱེན་ཆེན་པོ་འཕྲད། མའོ་ཙེ་ཏུང་གིས་བོད་སྐྱོད་དཔུང་སྡེར་ཐོན་སྐྱེད་དང་། ཚོང་དོན། ལམ་བཟོ། མང་ཚོགས་ལ་ནད་གཞི་ལྟ་རོགས་སོགས་ཀྱི་བྱ་བ་བཟང་པོ་ཁོ་ན་སྒྲུབ་དགོས་པ་དང་གལ་ཏེ་ཞིང་བྲན་བདག་པོས་ལྷ་ས་སློབ་ཆུང་འཛུགས་རྒྱུར་འགོག་རྐྱེན་བཟོས་ཚེ་སློབ་ཆུང་མ་བཙུགས་ནའང་འགྲིག་ཅེས་མངགས་བཅོལ་ཡང་ཡང་གནང་ཡོད། དེ་དང་ཆབས་ཅིག་གཉའ་གནོན་ཚད་མེད་མྱོང་པའི་ཞིང་བྲན་རྣམས་ཀྱིས་མི་ལུས་རང་དབང་ཐོབ་ཆེད། བཅོས་སྒྱུར་བྱ་རྒྱུའི་རེ་བ་བྱས་པས་ལས་བྱེད་པ་དང་འཐབ་འཛིང་པ་འགའ་ཞིག་གིས་ཞིང་བྲན་བདག་པོས་ཞིང་བྲན་ལ་གཉའ་གནོན་ཚད་མེད་བཏང་བ་བཟོད་སྒོམ་མ་ཐུབ་པར་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུའི་རེ་བ་བཏོན་ཡོད། ཀྲུང་དབྱང་གིས་སྔ་བར་ཕྱི་གསུམ་དུ“གཟབ་བརླིང་བརྟན་སྐྱོད”བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཕྱོགས་གཅིག་ནས་བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱས་ཏེ་དོན་དངོས་དང་མང་ཚོགས་དང་ཁ་བྲལ་བའི་ཉེན་ཁའི་བྱ་སྤྱོད་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་བོད་ས་གནས་ཀྱི་མཐོ་རིམ་བག་འཁུམ་སྟོབས་ཤུགས་ལ་བཟོད་སྒོམ་སྲིད་ཇུས་ལག་ལེན་ཐེངས་མང་བསྟར་ཡོད། དེའི་རྩ་བའི་རྒྱུ་རྐྱེན་ནི་བོད་ཀྱི་ལས་དོན་གྱི་དཔལ་འབྱོར་གྱི་རྨང་གཞི་དང་། ཆབ་སྲིད་ཀྱི་རྨང་གཞི། སྤྱི་ཚོགས་ཀྱི་རྨང་གཞི་སོགས་ཚང་མ་ཅུང་ཞན་པོ་ཡིན་སྟབས་དམག་དོན་ལེགས་ཆར་བརྟེན་ནས་ཐག་གཅོད་བྱ་རྒྱུ་མེད་པར་ཞི་བའི་བྱ་ཐབས་ལ་བརྟེན་ནས་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུ་ནི་སྐབས་དེ་དུས་ཀྱི་གཞི་རྩའི་གདམ་ག་དེ་རེད།
         1959ལོའི་ཟླ་9པར་《མིག་སྔར་བོད་དུ་བྱེད་བཞིན་པའི་དམངས་གཙོའི་བཅོས་སྒྱུར་དེ་ངོ་བོ་གང་ཞིག་ལ་གཏོགས་མིན་གནད་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བཀའ་ལན་》ནང་བོད་ཀྱི་མི་རིགས་ཁྲོད་བྱས་པའི་བཅོས་སྒྱུར་གང་ཞིག་ཡིན་རུང་ཚང་མ་རྒྱལ་ཁབ་ཀྱི་བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལས་འགན་གྱི་ཆ་ཤས་ཤིག་ཡིན་པ་དང་བོད་ལྗོངས་ས་ཁུལ་གྱི་དམིགས་བསལ་རང་བཞིན་ལ་བསམ་ཤེས་བྱས་ནས་དུས་སྐབས་ངེས་ཅན་ཞིག་ནང་དམངས་གཙོ་རིང་ལུགས་ཀྱི་ངོ་བོའི་བཅོས་སྒྱུར་བྱེད་དགོས་པ་དང་འབྲེལ་དུས་ཚོད་དེ་བས་མང་བ་དང་ཅུང་དམིགས་བསལ་གྱི་བྱ་ཐབས་སྤྱད་ནས་བཅོས་སྒྱུར་བྱེད་དགོས་ཞེས་བསྟན་ཡོད། 1956ལོའི་ཟླ་9ཚེས་4ཉིན་《བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གནད་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་མཛུབ་སྟོན་》བོད་ལྗོངས་ལས་དོན་ཨུ་ལྷན་ལ་སྤེལ་ནས་དམངས་གཙོའི་བཅོས་སྒྱུར་ནི་ངེས་པར་དུ་ཞི་བའི་བཅོས་སྒྱུར་ཡིན་དགོས་པ་དང་མཐོ་རིམ་ལ་ངེས་པར་དུ་ཕྱོགས་གཉིས་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གྲ་སྒྲིག་བྱེད་དགོས་པ་སྟེ། གཅིག་ནས་གྲོས་མོལ་ཡང་ཡང་བྱས་ཏེ་ཁོང་ཚོའི་མོས་མཐུན་རྦད་དེ་ཐོབ་པ་བྱེད་དགོས་པ་དང་། གཉིས་ནས་ཆབ་སྲིད་དང་འཚོ་བའི་ཐད་བཀོད་སྒྲིག་ཡག་པོ་བྱེད་པ་དང་“གྲོས་མཐུན་དོན་ཚན་བཅུ་བདུན”གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས་ཁ་དན་ཚིག་ལ་གནས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། “མིག་སྔའི་བོད་ཀྱི་ལས་ཀའི་རྨང་གཞི་དང་། ལས་བྱེད་པའི་ཆ་རྐྱེན། མཐོ་རིམ་གྱི་རྣམ་འགྱུར་བཅས་དང་དེ་བཞིན་ཆབ་མདོ་ས་ཁུལ་དུ་ཉེ་དུས་ཐོན་པའི་དོན་རྐྱེན་ཁ་ཤས་ཀྱི་ཐོག་ནས་བལྟས་ཚེ་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་ཆ་རྐྱེན་ད་དུང་འཛོམས་མེད་ལ་ང་ཚོའི་གྲ་སྒྲིག་ལས་དོན་ཡང་ལོ་གཅིག་གཉིས་ནང་ཡག་པོ་སྒྲུབ་ཐུབ་པ་ཞིག་མ་རེད། དེར་བརྟེན་དམངས་གཙོའི་བཅོས་སྒྱུར་ནི་ལོ་ལྔ་ཚན་དང་པོའི་འཆར་གཞིའི་ནང་གི་བྱ་བ་ཞིག་གཏན་ནས་མིན་ལ་ལོ་ལྔ་ཚན་གཉིས་པའི་འཆར་གཞིའི་ནང་གི་བྱ་བ་ཞིག་ཀྱང་མ་ཡིན་ལ་ཐ་ན་ལོ་ལྔ་ཚན་གསུམ་པའི་འཆར་གཞིའི་ནང་ནར་འགྱངས་བྱེད་སྲིད་ཀྱི་རེད། དེ་ནི་བོད་ཀྱི་མཐོ་རིམ་ཤོག་ཁག་ལ་བཟོད་སྒོམ་བྱེད་པ་ཞིག་རེད”ཅེས་དང“ད་ལྟ་ནས་བཅོས་སྒྱུར་བྱེད་པའི་དུས་སྐབས་དེའི་ནང་ངེས་པར་དུ་མཐོ་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་དམ་འཛིན་ནན་པོ་བྱས་ནས་བོད་རིགས་ལས་བྱེད་པ་གསོ་སྐྱོང་དང་། ཏང་ཡོན་དང་སྡེ་ཚོགས་ཚོགས་མི་འཕེལ་རྒྱས་གཏོང་བ། མང་ཚོགས་ལ་ཐོན་སྐྱེད་བྱེད་རོགས་བྱེད་པ། མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་གང་ལེགས་བྱེད་པ་(ཁུར་པོ་འགའ་ཞིག་ཡང་དུ་གཏོང་རྒྱུ་ཚུད་པ་)དང་རང་སྐྱོང་ལྗོངས་ཀྱི་སྲིད་དབང་དམངས་གཙོ་ཅན་དུ་རིམ་གྱིས་འགྱུར་བ་སོགས་ནང་དོན་གྱི་ལྷུ་ཚིགས་གལ་ཆེན་ནང་གྲུབ་འབྲས་ཧུར་ཐག་ཐོན་པའི་འབད་བརྩོན་བྱས་ཏེ་བཅོས་སྒྱུར་ཆེད་གྲ་སྒྲིག་གི་ཆ་རྐྱེན་ཡག་པོ་གཏོད་དགོས”ཞེས་1957ལོའི་ཟླ་4པར་ཀྲུང་དབྱང་གི“ལོ་དྲུག་རིང་བཅོས་སྒྱུར་མི་བྱེད་རྒྱུའི”བྱེད་ཕྱོགས་ལྟར་བོད་སྐྱོད་ལས་བྱེད་པ་འབོར་ཆེན་ཕྱིར་འཐེན་བྱས་པ་དང་བོད་རྒྱ་ལས་བྱེད་པ་92%ཉུང་དུ་བཏང་བ། བོད་སྡོད་དཔུང་སྡེ་70%ཉུང་དུ་བཏང་ཡོད། དེ་ནི་ཁུ་བསྡུ་དང་ལས་དོན་ཏན་ཏིག་སྤེལ་བའི་མཚོན་ཚུལ་གལ་ཆེན་ཞིག་རེད།
         1957ལོའི་ཟླ་5པར་《བོད་དུ་དམངས་གཙོའི་བཅོས་སྒྱུར་དང་ཁུ་བསྡུའི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་མཛུབ་སྟོན་》ནང“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ནི་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་ཀྱི་གྲོས་མཐུན་གྱི་ནང་དོན་གལ་ཆེན་གྱི་གྲས་ཤིག་དང་སྔ་ཕྱི་མ་གཏོགས་ལག་བསྟར་བྱེད་སྲིད་པ་ཞིག་རེད། བོད་ཀྱི་མི་དམངས་རྣམས་ངེས་པར་དུ་དམངས་གཙོའི་བཅོས་སྒྱུར་བརྒྱུད་ཚེ་གཞི་ནས་ཆབ་སྲིད་དང་དཔལ་འབྱོར་ཐད་བཅིངས་འགྲོལ་ཐོབ་ནས་རིམ་བཞིན་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་གཏོད་ཐུབ”ཅེས་དང“ང་ཚོས་འདོད་ཚུལ་འཛིན་པའི་དམངས་གཙོའི་བཅོས་སྒྱུར་ཐད་ཞི་བའི་བྱ་ཐབས་གང་ཞིག་སྤྱད་རུང་ཚང་མ་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་གྱི་རྨང་གཞིར་འགྱུར་ལྡོག་མི་གཏོང་ཀ་མེད་ཡིན་པ་དང་། གང་ལགས་ཤེ་ན། དེའི་དམིགས་ཡུལ་ནི་ཞིང་བྲན་ལམ་ལུགས་ཀྱི་བོད་ལྗོངས་དེ་ཉིད་མི་དམངས་དམངས་གཙོའི་བོད་དུ་འགྱུར་བ་བྱ་རྒྱུ་དེ་ཡིན”“ཀྲུང་དབྱང་གིས་བོད་ས་ཁུལ་གྱི་ལོ་རྒྱུས་དང་དོན་དངོས་ཀྱི་གནས་ཚུལ་ལ་བསམ་གཞིག་བསྐྱར་དུ་གནང་རྗེས་འདི་ལོ་ནས་བཟུང་གི་ལོ་དྲུག་ནང་ཚུན་དང་ཐ་ན་དེ་བས་རིང་བའི་དུས་ཚོད་ནང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་རྒྱུ་མིན”ཞེས་བཏོན་ཡོད། 1959ལོའི་ཟླ་3པའི་བར་བཀའ་ཤག་(བོད་ས་གནས་སྲིད་གཞུང་)གིས་གྲོས་མཐུན་བརྡལ་བཤིག་བཏང་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་དང་། ཀྲུང་དབྱང་གིས་བཏོན་པའི་ཡོངས་བསྒྲགས་འབོད་ཚིག་ནང་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ་ལས་དམངས་གཙོའི་བཅོས་སྒྱུར་བྱེད་རྒྱུ་མིན་ཞེས་བཏོན་ཡོད། དེའི་ཞིབ་ཕྲའི་བྱེད་ཕྱོགས་ནི་དམག་འཐབ་བྱེད་ཀྱིན་བཅོས་སྒྱུར་བྱེད་པ་དང་། ངོ་ལོག་ཟིང་འཁྲུག་ལངས་ཁུལ་དུ་སྔོན་ལ་བཅོས་སྒྱུར་བྱེད་པ། ངོ་ལོག་ཟིང་འཁྲུག་ལངས་མེད་ཁུལ་དུ་གནས་སྐབས་བཅོས་སྒྱུར་ནར་འགྱངས་བྱེད་པ། ལྷ་ས་ཁུལ་དུ་སྔོན་ལ་བཅོས་སྒྱུར་བྱེད་ཆོག་པ་དང་དེ་རྗེས་ལྷོ་ཁ་དང་། ཆབ་མདོ། སྟེང་ཆེན་སོགས་ས་ཆར་བཅོས་སྒྱུར་བྱེད་དགོས། པཎ་ཆེན་བཞུགས་གནས་ས་ཁུལ་དུ་རྗེས་སུ་བཅོས་སྒྱུར་བྱེད་ཆོག་པ་དང་། འཕགས་པ་ལྷས་དོ་དམ་བྱེད་པའི་ཆབ་མདོའི་རྫོང་ཁ་ཤས་སུ་གལ་ཏེ་ངོ་ལོག་ཟིང་འཁྲུག་མ་ལངས་ཚེ་རྗེས་སུ་བཅོས་སྒྱུར་བྱེད་ཆོག་པ་དེ་ཡིན། དེ་དང་ཆབས་ཅིག་བཅོས་སྒྱུར་གྱི་རྩ་དོན་དང་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་ཡོད། དཔེར་ན། ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་མངའ་བདག་གི་ཐོན་སྐྱེད་རྒྱུ་ཆ་གཞུང་བཞེས་བཏང་ནས་ཞིང་བྲན་དབུལ་པོ་དང་འབྲོག་པ་དབུལ་པོར་བགོ་བཤའ་བརྒྱབ་པ་དང་ངོ་ལོག་ཟིང་འཁྲུག་ནང་ཞུགས་མེད་པའི་ཞིང་བྲན་བདག་པོར་བླུ་ཉོའི་སྲིད་ཇུས་ལ་བརྟེན་ཏེ་རྒྱལ་ཁབ་ཀྱིས་དངུལ་བཏོན་ནས་ཁོང་ཚོའི་ཐོན་སྐྱེད་རྒྱུ་ཆ་བླུ་ཉོ་བྱས་ཏེ་རིན་མེད་ངང་ཞིང་བྲན་དང་འབྲོག་པ་དབུལ་པོར་བགོ་བཤའ་བརྒྱབ་པ་དང་ཞིང་བདག་དང་འབྲོག་བདག་ལའང་ཐོན་སྐྱེད་ཀྱི་རྒྱུ་ཆ་ཁག་གཅིག་བགོ་བཤའ་བརྒྱབ་ཡོད་པ་རེད། དེ་ནས་བཟུང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་དབང་བའི་ལམ་ལུགས་མེད་པར་བཟོས་ནས་ཞིང་འབྲོག་པ་སྒེར་ལ་དབང་བའི་ལམ་ལུགས་དངོས་སུ་བཙུགས་པ་རེད།
         1951ལོ་ནས་1959ལོ་བར་གྱི་ལོ་8ནང་བོད་ཀྱི་སེར་སྐྱ་མང་ཚོགས་ཚོས་ལམ་ལུགས་གསར་རྙིང་གཉིས་ལ“ལོ་བརྒྱད་བབ་བལྟ་དང་། ལོ་བརྒྱད་བསྡུར་བ། ལོ་བརྒྱད་བསམ་བློ་བཏང་བ”བཅས་བྱེད་དུ་བཅུག་ནས་ཁོང་ཚོས་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བའི་མྱོང་རོལ་ཁྲོད་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་མི་གཤིས་ལ་ངོ་རྒོལ་གྱི་ངོ་བོ་གསལ་ཤེས་ཐུབ་པ་དང་སྒྱུར་བཅོས་ནི་བོད་ཀྱི་སྤྱི་ཚོགས་ཀྱི་གདམ་ག་འབའ་ཞིག་དེ་ཡིན་པ་གསལ་ཤེས་ཐུབ་ནས་དམངས་གཙོའི་བཅོས་སྒྱུར་བདེ་བླག་ངང་བྱེད་རྒྱུར་སྤྱི་ཚོགས་ཀྱི་རྨང་གཞི་བཏིང་ཡོད། མའོ་ཙེ་ཏུང་དང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གཙོ་བོས་ཆབ་སྲིད་ཀྱི་བྱ་ཐབས་ཐོག་ནས་སྔོན་ལ་རྙོག་འཛིང་ཆེ་བའི་གནད་དོན་སྣ་ཚོགས་ཐག་གཅོད་གནང་བ་དང་། ཏཱ་ལ་གཙོ་བོར་བྱས་ནས་ཏཱ་ལ་དང་པཎ་ཆེན་སོགས་མཐོ་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབས་པ། བྱ་བ་དངོས་དང་བྱ་བཟང་བསྒྲུབ་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་ནས་མང་ཚོགས་ཀྱི་ལས་དོན་སྤེལ་བ། བོད་ཀྱི་ཚོགས་ཆུང་དང་ཚོགས་པ་ནང་སར་ལྟ་སྐོར་དུ་བསྐྱོད་རྒྱུ་ཐབས་ལམ་དུ་བརྩིས་ནས་མི་རིགས་དབར་གྱི་འགལ་ཟླ་བསལ་བ། རྒྱལ་གཅེས་མང་ཚོགས་ཀྱི་ཚོགས་པ་འཛུགས་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཙུགས་པ། ཁ་ཕྲལ་བྱེད་སྤྱོད་ཁོ་ན་སྤེལ་མཁན་ཤོག་ཁག་ལ་རྡུང་རྡེག་གཏོང་རྒྱུ་བྱ་ཐབས་སུ་བརྩིས་ནས་ཁ་ཕྲལ་བྱེད་སྤྱོད་ཀྱི་དབྱེ་བ་གསལ་པོ་ཕྱེ་བས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ་དང་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུར་གོ་སྐབས་ཐོབ་པ་དང་ཆ་རྐྱེན་བསྐྲུན་ཡོད། 1959ལོར་བོད་ས་གནས་མཐོ་རིམ་ལོག་སྤྱོད་པས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ནམ་ཡང་འགྱུར་ལྡོག་མི་ཡོང་བར་སྲུང་སྐྱོང་བྱ་ཆེད་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་སྟབས་དམངས་གཙོའི་བཅོས་སྒྱུར་སྔ་བསྣུར་དུ་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་ཏུ་གྱུར། དུས་དེ་ནས་བཟུང་བོད་ས་གནས་ཀྱི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་གསར་པ་ཞིག་ཕྱེ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།