འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་མཐོ་རིམ་ལས་རིགས་སློབ་གླིང་གི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ནུས་པར་
    དཔྱད་དཔོག་བྱེད་པའི་ནང་དོན་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་མཐོ་རིམ་ལས་རིགས་སློབ་གླིང་གི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་ཆེད་སློབ་གསོ་པུས་ཚེས་23ཉིན་《མཐོ་རིམ་ལས་རིགས་སློབ་གླིང་གི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ནུས་པར་དཔྱད་དཔོག་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས་》གཤམ་སྤེལ་བྱས་ནས་མཐོ་རིམ་ལས་རིགས་སློབ་གྲྭའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ནུས་པར་དཔྱད་དཔོག་བྱེད་པའི་ལས་དོན་ནང་སློབ་གཉེར་གྱི་རྨང་གཞིའི་འཇོན་ཐང་དང་། “ཐོབ་ཐང་གཉིས་ལྡན་གྱི་དགེ་རྒན”དཔུང་ཁག་འཛུགས་སྐྱོང་། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་། སློབ་མ་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུའི་ནུས་པ་བཅས་ནང་དོན་ཆེན་པོ་ལྔ་བཀོད་སྒྲིག་བྱས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སློབ་གཉེར་རྨང་གཞིའི་ནུས་པ་གཙོ་བོ་ནི་སློབ་གྲྭར་ལོ་རེར་སློབ་མ་རེར་ཆ་སྙོམས་ནོར་སྲིད་གྲོན་དངུལ་གཏོང་ཚད་དང་། སློབ་ཁྲིད་ཡོ་བྱད་དང་སྒྲིག་ཆས་བཀོད་སྒྲིག སློབ་གྲྭའི་ཉལ་ཁང་དང་དེ་བཞིན་ཆ་འཕྲིན་ཅན་གྱི་སློབ་ཁྲིད་ཆ་རྐྱེན་བཅས་ལ་རྟོག་ཞིབ་བྱ་རྒྱུ་དེ་ཡིན་པ་དང་། “ཐོབ་ཐང་གཉིས་ལྡན་གྱི་དགེ་རྒན”དཔུང་ཁག་འཛུགས་སྐྱོང་བྱེད་དོན་གཙོ་བོ་ནི་སློབ་གྲྭའི་དགེ་རྒན་གྱི་གྲུབ་ཆ་དང“ཐོབ་ཐང་གཉིས་ལྡན་གྱི་དགེ་རྒན”བཀོད་སྒྲིག་བྱས་ཚུལ་ལ་རྟོག་ཞིབ་བྱ་ཆེད་ཡིན་པ། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དོན་གཙོ་བོ་ནི་སློབ་གྲྭའི་ཆེད་ལས་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱེད་སྟངས་དང་། སློབ་ཚན་མ་ལག སློབ་གྲྭའི་ཕྱི་ནང་ལག་ལེན་སློབ་ཁྲིད། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱས་ཚུལ་བཅས་ལ་རྟོག་ཞིབ་བྱ་ཆེད་ཡིན་པ། སློབ་མ་འཕེལ་རྒྱས་གཏོང་བའི་ནང་དོན་གཙོ་བོ་ནི་སློབ་གྲྭའི་སློབ་ཐོན་སློབ་མར་ལས་རིགས་འོས་བབ་ལག་ཁྱེར་ཐོབ་ཚུལ་དང་ལས་ཞུགས་གནས་ཚུལ་ལ་རྟོག་ཞིབ་བྱ་ཆེད་ཡིན་པ། སྤྱི་ཚོགས་ཞབས་ཞུའི་ནུས་པ་གཙོ་བོ་ནི་སློབ་གྲྭའི་ཆེད་ལས་སྒྲིག་བཀོད་དང་། ཁེ་ལས་དང་བྱ་གཞག་ཚན་པར་ལག་རྩལ་ཞབས་ཞུ་མཁོ་འདོན་བྱེད་པ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱས་ཚུལ་བཅས་ལ་རྟོག་ཞིབ་བྱ་ཆེད་ཡིན་པ་བཅས་རེད།
         བྱེད་ཐབས་གཞིར་བཟུང་སློབ་གྲྭས་དཔྱད་དཔོག་ནང་དོན་དང་དམིགས་ཚད་ལ་གཞིགས་ནས་རང་གིས་རང་ལ་དཔྱད་དཔོག་བྱས་ནས་དཔྱད་དཔོག་སྙན་ཞུ་འབྲི་དགོས་པ་དང་། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སློབ་གྲྭའི་གྲངས་གཞི་འབྲི་བ་དང་སྙན་སེང་ཞུ་རྒྱུར་མཛུབ་ཁྲིད་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་དགོས་པ་དང་འབྲེལ་ཞིང་ཆེན་རིམ་པའི་དཔྱད་དཔོག་སྙན་ཞུ་འབྲི་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་ཕྱོགས་གསུམ་པའི་སྒྲིག་གཞིར་མངགས་བཅོལ་བྱས་ནས་སློབ་གླིང་གི་འབྲེལ་ཡོད་གྲངས་གཞིའི་ཆ་འཕྲིན་དང་ཞིང་ཆེན་རིམ་པའི་དཔྱད་དཔོག་སྙན་ཞུར་གཞིགས་ནས་གྲངས་གཞིའི་དཔེ་དབྱིབས་བཟོ་བ་དང་ཚད་འཇལ་ཡོ་བྱད་སྤྱད་དེ་དབྱེ་ཞིབ་དང་དཔྱད་དཔོག་བྱས་ནས་རྒྱལ་ཁབ་ཀྱི་དཔྱད་དཔོག་སྙན་ཞུ་འབྲི་དགོས།
         བྱེད་ཐབས་ནང་ད་དུང་མཐོ་རིམ་ལས་རིགས་སློབ་གླིང་གིས་སློབ་གྲྭའི་གཙོ་ཆེའི་དྲ་ཚིགས་སུ་རང་གིས་རང་ལ་དཔྱད་དཔོག་བྱས་པའི་སྙན་ཞུ་ཁྱབ་བསྒྲགས་བྱེད་དགོས། སྤྱི་ཚོགས་ཐོག་སློབ་གྲྭའི་སློབ་གཉེར་གྱི་གཞི་རྩའི་གནས་ཚུལ་དང་ཆེད་ལས་འཕེལ་རྒྱས་གཏོང་བའི་ལེགས་ཆ་དང་དེ་བཞིན་ལེགས་གཏོང་འཆར་གཞི་དང་འཕེལ་རྒྱས་ཁ་ཕྱོགས་གསལ་པོ་སྟོན་དགོས་པའི་བླང་བྱ་བཏོན་ཡོད།
         གཞན་ཡང་སློབ་གསོ་པུས་《འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་གཉེར་ནུས་པར་དཔྱད་དཔོག་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས་》ཁྱབ་བསྒྲགས་བྱས་པ་དང་དུས་མཚུངས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་གཉེར་ནུས་པའི་དཔྱད་དཔོག་དམིགས་ཚད་དང་ཚད་གཞི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།