འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་ཨུད་གསུམ་གྱིས་རིམས་འགོག་སྨན་ཁབ་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་གྱོད་གཞི་
    བརྟག་དཔྱད་ཀྱི་གནས་ཚུལ་མཉམ་འབྲེལ་ཐོག་བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན། སྤྱི་བདེ་པུའུ་བཅས་པུའུ་ཨུད་གསུམ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིམས་འགོག་སྨན་ཁབ་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་གྱོད་གཞི་བརྟག་དཔྱད་དང་ཐག་གཅོད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
         སྤྱི་བདེ་པུའུ་བདེ་འཇགས་བཅོས་སྐྱོང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྭ་ཅིང་ཕུང་གིས་ངོ་སྤྲོད་བྱས་པར། ཧྲན་ཏུང་གི་ཕང་ཧུང་ཝུའེ་སོགས་ཀྱིས་རིམས་འགོག་སྨན་ཁབ་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་གྱོད་གཞི་ནི་ཉེ་བའི་ལོ་ཤས་རིང་སྤྱི་བདེ་ལས་ཁུངས་ཀྱིས་རྩད་ཆོད་པའི་གྱོད་འབྲེལ་ཁྱབ་ཁོངས་ཆེ་བ་དང་ངོ་བོ་ཐ་ཤལ་གྱི་ཁྲིམས་འགལ་ངང་སྨན་རྫས་གཉེར་སྐྱོང་བྱས་པའི་གྱོད་གཞི་ཚབས་ཆེན་ཞིག་ཡིན་པ་དང་། གྱོད་གཞི་དེའི་གནས་ཚུལ་རྙོག་འཛིང་ཆེ་བར་དམིགས་ནས་སྤྱི་བདེ་པུས་གྱོད་གཞི་དེར་བྱང་བུ་བཀལ་ནས་སྒྲུབ་སྐུལ་བྱས་ཡོད། དུས་འགོའི་བརྟག་དཔྱད་དཔང་ལེན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་ཉེས་གསོག་དོགས་ཅན་ཁག་གཅིག་ཁྲིམས་ལ་སྦྱར་ཡོད་པ་རེད།
         ཧྭ་ཅིང་ཕུང་གིས་མིག་སྔའི་བར་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་གོང་འོག་ཚང་མར་རིམ་པ་བཞིན་བརྟག་དཔྱད་དཔང་ལེན་བྱས་པ་དང་། ས་གནས་ཁག་ཏུ་ཉེས་དོན་གྱོད་གཞི་ཁག་69ཐོ་འགོད་བྱས་པ་དང་གྱོད་འབྲེལ་མི་སྣ་130འཛིན་བཟུང་བྱས་ཡོད་ཅེས་བཤད་པ་རེད།
         རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་ཡུས་ཅིང་ཅིན་གྱིས་ངོ་སྤྲོད་བྱས་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2005ལོར་ཁྱབ་བསྒྲགས་བྱས་པའི་རིམས་འགོག་སྨན་ཁབ་འགྲོ་རྒྱུག་དང་སྨན་ཁབ་རྒྱག་པའི་དོ་དམ་སྲོལ་ཡིག་གཞིར་བཟུང་། རིམས་འགོག་སྨན་ཁབ་ལ་རིགས་དང་པོ་དང་རིགས་གཉིས་པའི་རིམས་འགོག་སྨན་ཁབ་དབྱེ་ཡོད། རིགས་དང་པོའི་རིམས་འགོག་སྨན་ཁབ་ནི་སྲིད་གཞུང་ནས་མ་དངུལ་བཏང་སྟེ་མི་སེར་ལ་རིན་མེད་ངང་རྒྱག་པ་ཞིག་ཡིན་ཞིང་། དེ་གྲང་ཉར་དབོར་འདྲེན་ལྟ་སྐུལ་དོ་དམ་མ་ལག་ནན་པོའི་འོག་དབོར་འདྲེན་བྱེད་པ་ཞིག་ཡིན་པས་གྲང་ཉར་ཆ་རྐྱེན་རྦད་དེ་འགན་ལེན་ཐུབ་པ་ཞིག་ཡིན་པ་དང་། རིགས་གཉིས་པའི་རིམས་འགོག་སྨན་ཁབ་ནི་མང་ཚོགས་ཚོས་འདོད་མོས་དང་སྨན་རིན་སྤྲད་དེ་རྒྱག་པའི་རིམས་འགོག་སྨན་ཁབ་ཅིག་ཡིན། སྲོལ་ཡིག་གི་གཏན་འབེབས་ལ་གཞིགས་ན། རིགས་གཉིས་པའི་རིམས་འགོག་སྨན་ཁབ་བེད་སྤྱོད་ཐད་ཁྲོམ་ར་ཅན་ལག་བསྟར་བྱས་ཡོད་པ་རེད།
         རིགས་གཉིས་པའི་རིམས་འགོག་སྨན་ཁབ་དོ་དམ་གྱི་ད་ལྟའི་གནས་ཚུལ་གང་འདྲ་ཡིན་མིན་སྐོར་གྱི་དྲི་བ་བཏོན་པར། ཡུས་ཅིང་ཅིན་གྱིས་རིགས་གཉིས་པའི་རིམས་འགོག་སྨན་ཁབ་མཁོ་སྤྲོད་བྱེད་པའི་ཐད་དང་ཐོག་ཐོན་སྐྱེད་ཁེ་ལས་ཀྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་། སྨན་ཁབ་རྒྱག་མཁན་ཚན་པ། རིམས་འགོག་སྨན་ཁབ་སྡེབ་ཚོང་ཁེ་ལས་བཅས་ལ་མཁོ་སྤྲོད་བྱེད་ཆོག་པ་དང་། རིམས་འགོག་སྨན་ཁབ་སྡེབ་ཚོང་ཁེ་ལས་ཀྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་སྨན་ཁབ་རྒྱག་མཁན་ཚན་པར་མཁོ་སྤྲོད་བྱེད་ཆོག་པ། ཁེ་ལས་མི་འདྲ་བའི་དབར་ལའང་ཕན་ཚུན་མཁོ་སྤྲོད་བྱེད་ཆོག་པ། རྫོང་རིམ་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་སྨན་ཁབ་རྒྱག་ཡུལ་དུ་མཁོ་སྤྲོད་བྱེད་ཆོག་པ་བཅས་ནི་རང་རྒྱལ་གྱི་རིམས་འགོག་སྨན་ཁབ་དོ་དམ་གྱི་གནས་ཚུལ་རེད་ཅེས་ལན་བཏབ།
         རྒྱལ་ཁབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྨན་རྫས་བྱུག་རྫས་ལྟ་སྐུལ་དོ་དམ་སིའི་སི་ཀྲང་ལི་གོ་ཆིང་གིས་འགྲོ་རྒྱུག་གྲངས་གཞིར་དབྱེ་ཞིབ་བྱས་པར་གཞིགས་ཏེ། འགན་འཛོལ་དོགས་པ་ཚབས་ཆེན་ཡོད་པའི་རིམས་འགོག་སྨན་ཁབ་གཉེར་སྐྱོང་ཁེ་ལས་ཁག་གཅིག་ཞིབ་བཤེར་ཐུབ་པ་དང་ས་གནས་ཁག་གིས་རྩད་ཆོད་མཐའ་གསལ་བྱས་པར་འགོ་འཁྲིད་མཁན་41དང་། གཤམ་འོག་ཏུ་ཚོང་མཁན་46 ཁྲིམས་འགལ་ངང་སྨན་རྫས་གཉེར་སྐྱོང་བྱེད་མཁན་ཁེ་ལས་29བཅས་ཡོད་པ་རེད། ཁྲིམས་འགལ་ངང་རིམས་འགོག་སྨན་ཁབ་ཉོ་སྒྲུབ་བྱས་པའི་དོགས་ཡོད་སྨན་ཁབ་རྒྱག་མཁན་སྒྲིག་གཞི་16ཡོད་པར་གོམ་སྟབས་རྗེས་མར་ས་གནས་ཁག་གིས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་རིམས་འགོག་སྨན་ཁབ་གི་འགྲོ་རྒྱུག་སོགས་ཀྱི་གནས་ཚུལ་ཞིབ་དཔྱད་གསལ་བཤེར་བྱས་ཏེ་ཁྲིམས་སྦྱོར་ཐུབ་མེད་པ་དེ་དག་ལ་གྲལ་བཤེར་བྱ་ཤུགས་ཆེ་རུ་གཏོང་རྒྱུ་རེད། རིམས་འགོག་སྨན་ཁང་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་ཐད་ཁྲིམས་འགལ་སྨན་ཁབ་གཅིག་ལས་མེད་ཀྱང་ང་ཚོས་ཐར་པར་གཏོང་གི་མིན་ཞེས་བཤད་པ་རེད།
         མིག་སྔར་དོགས་གཞི་ཡོད་པའི་རིམས་འགོག་སྨན་ཁབ་བརྒྱབ་ཟིན་པའི་མི་ཚོགས་ལ་བབ་མཚུངས་ཀྱི་བཅོས་ཐབས་ཡོད་མེད་སྐོར་གྱི་དྲི་བ་བཏོན་པར། ཡུས་ཅིང་ཅིན་གྱིས་མིག་སྔར་རྒྱལ་ཁབ་འཕྲོད་སྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་འབྲེལ་བ་བྱས་ཏེ་མིག་སྔར་བེད་སྤྱོད་བཏང་ཟིན་པའི་རིམས་འགོག་སྨན་ཁབ་ལ་བཟའ་བཅའ་སྨན་རྫས་སྤྱི་ཁྱབ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱེད་བཞིན་ཡོད་པ་དང་། རིགས་གཅིག་མཁས་ཅན་གྱིས་གྲང་ཉར་མ་བྱས་པའི་རིམས་འགོག་སྨན་ཁབ་ཀྱི་སྤུས་ཚད་དང་བདེ་འཇགས་རང་བཞིན་ལ་དཔྱད་དཔོག་བྱས་པའི་གནས་ཚུལ་གཞིར་བཟུང་གྱོད་འབྲེལ་རིམས་འགོག་སྨན་ཁབ་བརྒྱབ་པའི་མི་ཚོགས་ལ་ཉེན་ཁ་དཔྱད་དཔོག་བྱས་ཏེ་དམིགས་སའི་རང་བཞིན་གྱི་རིགས་དབྱེ་ཐག་གཅོད་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་རྒྱུ་རེད། དེ་དང་ཆབས་གཅིག་སྨན་ནད་ལྟ་དཔྱད་ཚད་ལེན་བྱ་ཤུགས་ཆེ་རུ་བཏང་ནས་སྔོན་ཇུས་བཟོས་ཏེ་གནད་དོན་ཤེས་རྟོགས་ཐུབ་རྗེས་འཕྲལ་མར་ཐག་གཅོད་ཐུབ་པ་བྱ་རྒྱུ་རེད། མིག་སྔར་རིམས་འགོག་སྨན་ཁབ་ཀྱི་སྨན་ནད་འདྲ་བའི་སྙན་ཞུའི་གནས་ཚུལ་དབྱེ་ཞིབ་བྱས་པར་བལྟས་ཚེ་རིམས་འགོག་སྨན་ཁབ་གྱི་སྨན་ནད་འདྲ་བའི་སྙན་ཞུ་འབུལ་འབོར་ཧོབ་སྟེ་མང་དུ་ཕྱིན་མེད། མིག་སྔར་ང་ཚོས་ལྟ་དཔྱད་ཚད་ལེན་བྱས་པའི་སྨན་ནད་ཐོན་ཚད་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་གཞན་དུ་སྨན་ནད་ཐོན་ཚད་དང་གཞི་རྩའི་ཆར་གཅིག་མཚུངས་ཡིན་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི་ཚད་གཞི་ལས་བརྒལ་མེད་ཅེས་ལན་བཏབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།