འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་
    ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལོ་15རིང་སློབ་ཡོན་མི་བསྡུ་བའི་སློབ་
    གསོའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་གྱི་ཕྱི་དྲོ་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐོང་ཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་《གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ལོ་15རིང་སློབ་ཡོན་མི་བསྡུ་རྒྱུའི་སློབ་གསོ་ལག་ལེན་བསྟར་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》དཔར་འགྲེམས་བྱས་པ་རེད། 2016ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་བཙུགས་ཏེ་ཀྲོའུ་དྲུག་གི་སློབ་མ་ཚང་མ་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཁྱིམ་ཚང་དབུལ་པོའི་སློབ་མའི་སློབ་ཞུགས་གོང་གི་ལོ་གསུམ་དང་། འོས་འགན་སློབ་གསོའི་ལོ་དགུ སྤྱིར་བཏང་གི་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་ཀྱི་ལོ་གསུམ་བཅས་བསྡོམས་ལོ་15རིང་སློབ་ཡོན་མི་བསྡུ་རྒྱུའི་སློབ་གསོ་ལག་ལེན་བསྟར་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གོང་ཞིང་ཆེན་ཡོངས་སུ་ཁྱབ་པ་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《ལག་བསྟར་བསམ་འཆར་》ནང་ད་ལྟ་ལག་ལེན་བསྟར་བའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་དང་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་བྱ་དགའི་ཁ་གསབ་སྲིད་ཇུས་བསྡུ་སྒྲིལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་འཛུགས་རྒྱུ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆའི་ནང་2016ལོ་དང་2017ལོ་སོ་སོར་ཁག་བགོས་ལག་ལེན་བསྟར་རྒྱུའི་འོས་འགན་སློབ་གསོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་མའི་ཆ་སྙོམས་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞིའི་བཅད་གྲངས་གཅིག་གྱུར་དང“གཉིས་མེད་གཅིག་གསབ”སྲིད་ཇུས་གཏན་འབེབས་དང་འབྲེལ་གཅིག་ཏུ་སྒྲིལ་ནས་2016ལོར་ལག་ལེན་བསྟར་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི“གཉིས་མེད་གཅིག་གསབ”སྲིད་ཇུས་གཅིག་གྱུར་བཟོ་རྒྱུ་རེད། ད་ལྟ་ལག་ལེན་བསྟར་བའི་ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མའི“གཉིས་མེད་གཅིག་གསབ”དང་གྲོང་ཁྱེར་གྱི་སློབ་མའི་སློབ་ཡོན་ཙག་ཙིག་ཆག་ཡང་གཏོང་བའི་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་སློབ་མར་རིན་མེད་ཐོག་སློབ་དེབ་མཁོ་འདོན་དང་གྲོང་ཁྱེར་གྱི་ཁྱིམ་ཚང་དབུལ་པོའི་ཞག་སྡོད་སློབ་མར་འཚོ་བའི་འགྲོ་གྲོན་ཁ་གསབ་སྤྲོད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་ཆ་སྙོམས་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞིའི་བཅད་གྲངས་གཅིག་གྱུར་བཟོ་བ་དང་ཆབས་ཅིག་དེའི་ཚད་གཞིའི་བཅད་གྲངས་འོས་འཚམ་ངང་ལེགས་སྒྲིག་བྱ་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭར་(དམངས་བཙུགས་སློབ་གྲྭ་ཚུད་)ཚད་གཞིའི་བཅད་གྲངས་ཀྱི་ཚད་གཞིར་གཞིགས་ནས་གཅིག་གྱུར་ཐོག་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་སྤྲོད་རྒྱུ། ས་གནས་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤྱི་སྤྱོད་འགྲོ་གྲོན་གྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་ལྕག་སྐུལ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་གཅིག་གྱུར་བཟོས་རྗེས་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་སློབ་ཡོན་ཙག་ཙིག་ཆག་ཡང་དང་གྲོང་ཁྱེར་དུ་ལས་མི་བྱེད་པར་ཡོང་མཁན་དང་མཉམ་དུ་འགྲོགས་ནས་ཡོང་བའི་བུ་ཕྲུག་གི་འོས་འགན་སློབ་གསོ་དང་ལེན་གྱི་ཁ་གསབ་དང་བྱ་དགའི་སྲིད་ཇུས་མེད་པ་བཟོ་རྒྱུ། ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཁང་པའི་བདེ་འཇགས་འགན་ལེན་གྱི་ཕུགས་ཕན་ལམ་སྲོལ་སྲ་བརྟན་དང་འཐུས་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་སྲིད་ཇུས་སྲ་བརྟན་དང་དོན་འཁྱོལ་བྱ་རྒྱུ་བཅས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་ཐོག་འགན་ལེན་ཁྱབ་ཁོངས་སྔར་བས་རྒྱ་བསྐྱེད་བཏང་སྟེ་ཁག་བགོས་ནས་ལོ་15རིང་སློབ་ཡོན་མི་བསྡུ་རྒྱུའི་སློབ་གསོ་ལག་ལེན་བསྟར་རྒྱུ་རེད། ཕྱོགས་བསྡུས་སྲིད་ཇུས་ལག་ལེན་བསྟར་ནས“ཆག་ཡང་དང་། ཁ་གསབ། དོ་དམ”བཅས་ཀྱི་བྱ་ཐབས་ནུས་ལྡན་ངང་སྦྲེལ་མཐུད་དང་དུས་མཉམ་དུ་མཉམ་སྤེལ་བྱ་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་འཛུགས་རྒྱུ་ནི་སློབ་གསོའི་ཁྱབ་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་གྱི་སྒྲིག་གཞིའི་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་དེ་ཡོངས་སུ་ལོ་15རིང་སློབ་ཡོན་མི་བསྡུ་རྒྱུའི་སློབ་གསོ་ལག་ལེན་བསྟར་ནས་སློབ་གསོ་དང་ལེན་བྱེད་མཁན་གྱི་དབང་ཆ་སྔར་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་འདྲ་མཉམ་ངང་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་མཁོ་འདོན་བྱས་ཏེ་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སློབ་གསོའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་ནུས་པ་ཆེ་རུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།