འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ང་ཚོ“དྲ་སྦྲེལ+”གྱི་དུས་རབས་སུ་སླེབས་པ།

    —— དཔལ་མགོན་རྫོང་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ང་ཚོ“དྲ་སྦྲེལ+”གྱི་དུས་རབས་སུ་སླེབས་པ།
         འདི་ནི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པས་དྲ་ཚུགས་སྲུང་སྐྱོང་བྱེད་པའི་གནས་ཚུལ་ཡིན་པ།
         ས་ཆ་དེ་ནི་ཐག་རིང་གི་བོད་བྱང་ཐང་ས་མཐོ་ཡིན་པ་དང་རྫོང་གྲོང་གི་ས་བབ་སྨི་4747ཟིན་གྱི་ཡོད། མིག་སྔར་ནང་སར་དཔྱིད་དཔལ་རབ་ཏུ་བཞད་ཡོད་ཀྱང་དེ་གར་སྔར་བཞིན་གྲང་ངར་ཆེ་བའི་དགུན་དུས་ཡིན་པ་རེད།
         དེ་ནི་བོད་ལྗོངས་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ཡིན་པ་དང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་ཡོད་མོད། འོན་ཀྱང་ཕྱི་མིས་རྒྱུས་མངའ་ཆེན་པོ་དེ་ཙམ་མེད།
         གསར་འགོད་པས་ཉིན་ཤས་གོང་འབྲོག་ལས་རྐྱང་པའི་རྫོང་དུ་བཅར་འདྲི་བྱེད་པར་འགྲོ་སྐབས་དེ་གའི་འབྲོག་པས་རང་ཁ་རང་གསོའི་ངང་ཡུལ་ཕྱོགས་གཞན་དང་འབྲེལ་བ་མེད་པར་འཚོ་བ་སྐྱེལ་གྱི་ཡོད་པ་སྙམ་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་གྲོང་གསེབ་ཀྱི་གློག་རྡུལ་ཚོང་ཁང་ལས་སྟེགས་བསྐྲུན་པ་དེས་དཔལ་མགོན་དང་ཕྱི་ཕྱོགས་དབར་སྦྲེལ་མཐུད་ཟབ་མོ་ཐུབ་འདུག
         “བོད་བྱང་ཐང་གི་ཚགས་ཤ་ཐུམ་སྒྲིལ་གཅིག་ལ་སྒོར་36དང་དཔལ་མགོན་གྱི་གཡུ་སྨུག་ལག་ཕྲེང་གཅིག་ལ་སྒོར་380རེད”ཅེས་དཔལ་མགོན་རྫོང་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཉི་མ་ཕུན་ཚོགས་ཀྱིས་གློག་ཀླད་བརྙན་ཤེལ་ཐོག་གི་དཔལ་མགོན་གློག་རྡུལ་ཚོང་ཁང་གི་དྲ་ངོས་ལ་མཛུབ་མོ་འཛུགས་བཞིན“བྱི་མདའ་མནན་ཙམ་བྱེད་པའམ་ཡང་ན། བཤར་འབེབས་བྱས་ནས‘དཔལ་མགོན་གློག་རྡུལ་ཚོང་ཁང’གི་སྐད་འཕྲིན་ལ་དོ་ཁུར་བྱས་ཚེ་འཛིམ་གླིང་ས་ཕྱོགས་ཁག་གི་འཛད་སྤྱོད་པས་དཔལ་མགོན་གྱི་ཁྱད་ལྡན་ཐོན་རྫས་བདམས་ཉོ་དང་མངགས་ཉོ་བྱེད་ཐུབ”ཅེས་བཤད་བྱུང་།
         ཉི་མ་ཕུན་ཚོགས་ཀྱིས་ཨ་སྔོན་ཆུ་དྭངས་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། བོད་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་བཅས་ནི་དཔལ་མགོན་གྱི་ཐོན་ཁུངས་ལེགས་ཤོས་དག་རེད། དེར་བརྟེན་ས་ཁམས་གནས་སྟངས་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་སྟབས་རྫོང་གྲོང་ནང་གི་འབྲོག་ལས་ཐོན་རྫས་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་སྔ་ཕྱི་ཕྱོགས་ཀྱིས་རྒྱུས་མངའ་བྱེད་ཁག་པོ་རེད་ལ་དེ་ཚོང་ཟོག་ལ་བསྒྱུར་ཐབས་བྱས་ཏེ་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་ནི་དེ་བས་ལས་སླ་པོ་ཞིག་གཏན་ནས་མེད་ཅེས་གསར་འགོད་པར་བཤད་བྱུང་།
         “རྫོང་ནང་གི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་བྱེད་དཀའ་བ་དང་འབྲོག་པའི་ལས་གཏོད་ཐབས་ལམ་ཉུང་བ་ནི་སྔ་བར་ཕྱི་གསུམ་དུ་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བའི་དཀའ་གནད་ཅིག་རེད”ཅེས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་གྱི་བོད་སྐྱོར་ལས་བྱེད་པ་དཔལ་མགོན་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཝང་ཕེས་དེ་ལྟར་བཤད་ཅིང་། ཁོང་གིས་དཀའ་གནད་སེལ་ཆེད་2015ལོའི་ཟླ་བདུན་པར་དཔལ་མགོན་རྫོང་གིས་རྒྱལ་ཁབ་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་དཔེ་སྟོན་རྫོང་ལ་རེ་ཞུ་བྱས་ནས་བདམས་པས་བོད་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་རྫོང་ཐོག་མ་བཞིའི་གྲས་ཤིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།
         ལྟེ་གནས་འཛུགས་པ་དང་། ཐོན་རྫས་འདེམས་པ། ཆེད་ལས་གཉེར་སྐྱོང་ཚོང་པའི་དབར་མཉམ་ལས་བྱེད་པ་སོགས་ཀྱི་གྲ་སྒྲིག་ལས་ཀ་ལོ་ཕྱེད་རང་མ་འགོར་བ་བྱས་རྗེས་འདི་ལོའི་ཟླ་དང་པོར་དཔལ་མགོན་རྫོང་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་ནས་གློག་རྡུལ་ཚོང་ཁང་བོད་ཡོངས་ཀྱི་སྔ་སྣུར་དུ་དྲ་ཐོག་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད།
         གསར་འགོད་པས་ཞབས་ཞུའི་ལྟེ་གནས་ནས་ཀྱི་ཐོག་སོ་དང་པོར་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལྟེ་གནས་དང་། གློག་རྡུལ་ཚོང་དོན་གསོ་སྦྱོང་ལྟེ་གནས། ཐོག་སོ་གཉིས་པར་མངོན་འགྱུར་པའི་ཀོག་ཧྥེ་ཁང་དང་། གློག་རྡུལ་ཚོང་ཁང་གི་འཁོར་རྒྱུག་ལྟེ་གནས། གློག་རྡུལ་ཚོང་ཁང་གི་གསོ་སྦྱོང་ལྟེ་གནས་སོགས་ཡོད་པ་མཐོང་བྱུང་ལ་ཚོང་དཔོན་དང་དེ་བཞིན་ཇུས་འགོད་དང་འཁོར་རྒྱུག་སོགས་བྱེད་མཁན་བཀོད་སྒྲིག་ཧ་ཅང་ཡག་པོ་བྱས་འདུག དེ་ག་ནི“དཔལ་མགོན་རྫོང་ལས་གཏོད་གསར་གཏོད་ཀྱི་གསོ་སྦྱོང་ལྟེ་གནས”ཀྱང་རེད་འདུག
         “ང་ཚོ‘དྲ་སྦྲེལ+’གྱི་དུས་རབས་སུ་སླེབས་མ་ཐག་ཡིན། མིག་སྔར་དྲ་ཐོག་བྲིན་ཚོང་བྱེད་པའི་ཁྱད་ལྡན་ཚོང་ཟོག་ཁ་ཤས་ལས་མེད་པར་རིམ་རྩིས་བྱས་ན་བྲིན་ཚོང་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་ལས་ཟིན་གྱི་མེད། ཡིན་ནའང་ང་ཚོས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་ཉི་མ་ཕུན་ཚོགས་ཀྱིས་བཤད།
         “གོམ་སྟབས་རྗེས་མར་ང་ཚོས་ཐོན་རྫས་ཞིབ་སྤེལ་ཐད་ཤུགས་སྣོན་བརྒྱབ་ནས་ཐོན་རྫས་ཕུགས་འདེད་མ་ལག་དང་སྤུས་ཚད་ཚོད་འཛིན་མ་ལག་དང་མཐུན་པའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་གསར་སྤེལ་བྱས་ཏེ་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས་འཛད་སྤྱོད་པར་ང་ཚོའི་ཐོན་རྫས་བྲིན་ཚོང་བྱ་རྒྱུ་ཡིན”ཞེས་ཝང་ཕེ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
         “འབྱུང་འགྱུར་ང་ཚོས་ཞབས་ཞུའི་ལྟེ་གནས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་རྫོང་ཡོངས་ཀྱི་ཤང་གྲོང་ཁག་ཏུ་གློག་རྡུལ་ཚོང་ཁང་གི་ལས་དོན་ས་ཚིགས་འཛུགས་རྒྱུ་ཡིན། དེ་དུས་ནག་ཆུ་ས་ཁུལ་གྱི་རྫོང་གཞན་དག་བཅུ་ཡིས་ཀྱང་དཔལ་མགོན་གྱི་གློག་རྡུལ་ཚོང་ཁང་གི་ལས་སྟེགས་སྤྱད་དེ་ཁྱད་ལྡན་ཐོན་རྫས་འཚོང་ཆོག”ཅེས་ཝང་ཕེ་ཡིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།