མི་དམངས་དྲ་བ།

༄༅།།པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གྱིས་རང་མོས་འདེམས་སྒྲུག་སློབ་བསྡུའི་འཆར་
གཞི་ལག་ལེན་བསྟར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཆིང་ཧྭ་དང་པེ་ཅིང་སློབ་ཆེན་གྱིས་སྔ་རྗེས་སུ་རང་མོས་སློབ་བསྡུའི་འཆར་གཞི་ཡོངས་བསྒྲགས་བྱས་པ་རེད། ཟླ་3ཚེས་21ཉིན་ཆིང་ཧྭ་སློབ་ཆེན་གྱིས་ཡོངས་བསྒྲགས་བྱས་པའི་2016ལོའི་ཤེས་ལྡན་མི་སྣ་རྩེ་གྲ་འདེམས་སྒྲུག་གི་སྒྲིག་ཡིག་མདོར་བསྡུས་ལ་གཞིགས་ན། ཆིང་ཧྭ་སློབ་ཆེན་གྱིས་2016ལོའི་ཤེས་ལྡན་མི་སྣ་རྩེ་གྲ་འདེམས་སྒྲུག་བྱ་ཡུལ་ནི་ཕུགས་བསམ་ལྡན་པ་དང་། ཕུལ་བྱུང་དོན་གཉེར། སྤྱོད་ཡོན་གཉིས་ལྡན། བྱང་ཚད་ཀུན་ཚང་བཅས་དང་རྣམ་ཀུན་ནས་ཕུལ་བྱུང་ཡིན་པ་མ་ཟད། གསར་གཏོད་བྱེད་ནུས་ལྡན་པའི་མཐོ་འབྲིང་དཀྱུས་མའི་སློབ་ཐོན་སློབ་མ་ཡིན་ཞིང་། རེ་ཞུ་བྱེད་མཁན་གྱི་ཕྱོགས་བསྡུས་སློབ་སྦྱོང་སྦྱངས་འབྲས་ངེས་པར་དུ་ལོ་རིམ་དེ་ཡོངས་ཀྱི་མདུན་གྲལ་དུ་སླེབས་དགོས། དེའི་ཐད་སློབ་མ་རང་ཉིད་ཀྱིས་འོས་སྦྱོར་བྱེད་དགོས་པ་དང་། སློབ་མ་ཚོར་རང་ངོས་ཀྱི་རང་བྱུང་ཚན་རིག་དང་རིག་གནས་ཚན་ཁག་དབྱེ་བའི་ཚོད་འཛིན་མི་ཕོག་པར་ཆེད་ལས་རེ་ཞུ་བྱེད་ཆོག མི་རེས་མང་ཤོས་ལ་ཆེད་ལས་5རེ་ཞུ་བྱེད་ཆོག མཐར་གཏན་འཁེལ་བྱས་འབྲས་དེ་སློབ་མའི་རེ་ཞུའི་རེའུ་མིག་ནང་སྐོང་པའི་འདོད་མོས་དང་དེ་བཞིན་ཚོད་ལྟའི་སྦྱངས་འབྲས་གཞིར་བཟུང་ཆེད་ལས་གང་ལ་འཚམ་མིན་གདམ་རྒྱུ་དང་འབྲེལ་མཐོ་རྒྱུགས་བཏང་རྗེས་སློབ་མས་བདམས་པའི་ཆེད་ལས་གཞིར་བཟུང་སློབ་མ་བསྡུ་རྒྱུ་ཡིན་པ་རེད།
         ཚེས་22ཉིན་པེ་ཅིང་སློབ་ཆེན་གྱིས་ཡོངས་བསྒྲགས་བྱས་པའི་2016ལོའི“མཁྱེན་ཡངས་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞིའི”སློབ་བསྡུའི་སྒྲིག་ཡིག་མདོར་བསྡུས་ལ་གཞིགས་ན། ཕྱོགས་བསྡུས་གདེང་འཇོག་བྱ་ཐབས་ཐོག་ནས་ལུས་སེམས་བདེ་ཐང་དང་། སྤྱོད་ཡོན་གཉིས་ལྡན། ཕུགས་བསམ་ལྡན་པ། སྤྱི་ཚོགས་ཀྱི་འགན་འཁུར་བསམ་པ་ཆེན་པོ་ཡོད་པ་སོགས་ཕྱོགས་བསྡུས་བྱང་ཚད་ཕུལ་བྱུང་གི་མཐོ་འབྲིང་སློབ་ཐོན་སློབ་མ་བསྡུ་རྒྱུ་ཡིན་པ་རེད།
         པེ་ཅིང་སློབ་ཆེན་སློབ་བསྡུ་གཞུང་དོན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར། མཁྱེན་ཡངས་འཆར་གཞིས་སློབ་མ་རང་ངོས་ཀྱིས་འོས་སྦྱོར་བྱེད་པའི་ཐབས་ལ་བརྟེན་ནས་ཆ་རྐྱེན་འཛོམས་པའི་སློབ་མ་ཕུལ་བྱུང་ཚོས་མིང་ཧུར་ཐག་འགོད་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡོད། པེ་ཅིང་སློབ་ཆེན་སློབ་བསྡུ་ཨུ་ཡོན་ལྷན་ཁང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་སློབ་མའི་མིང་འགོད་དཔྱད་གཞིའི་ཡིག་རིགས་གཞིར་བཟུང་ཐོག་མའི་ཞིབ་དཔྱད་གདེང་འཇོག་བྱ་རྒྱུ་དང་། ཐོག་མའི་ཞིབ་དཔྱད་གདེང་འཇོག་བྱས་འབྲས་ལ“ཕུལ་བྱུང་དང་། ཚད་ལོན། ཚད་མི་ལོན་པ”བཅས་རིམ་པ་གསུམ་ལ་དབྱེ་རྒྱུ་དང་། “ཕུལ་བྱུང”ཐོབ་པའི་སློབ་མ་ཐད་ཀར་ཚོད་ལྟའི་ངོ་འཕྲད་རྒྱུགས་ལེན་ནང་ཞུགས་ཆོག་པ་དང་། “ཚད་ལོན”པའི་སློབ་མ་ཡིག་རྒྱུགས་དང་ངོ་འཕྲད་རྒྱུགས་ལེན་གཉིས་ཀར་ཞུགས་དགོས། ཚད་མི་ལོན་པའི་སློབ་མ་དེའི་རྗེས་ཀྱི་འདེམས་སྒྲུག་ལྷུ་ཚིགས་ནང་ཞུགས་མི་ཆོག་པ་བཅས་རེད།
         དེ་དང་ཆབས་ཅིག་གསར་འགོད་པར་ཤེས་རྟོགས་བྱུང་བར། 2016ལོར་ཆིང་ཧྭ་སློབ་ཆེན་གྱིས་བསྐྱར་རྒྱུགས་དུས་མཚམས་སུ་དཔལ་འབྱོར་དོ་དམ་དང་། ཨར་ལས་རིག་པ། གསོ་བ་རིག་པ། སྨན་རྫས་རིག་པ། དབྱིན་ཡིག་སོགས་རིག་ཚན་དང་ཆེད་ལས་ལ་དམིགས་ནས་དམིགས་བསལ་འདེམས་སྒྲུག་བསྐྱར་རྒྱུགས་གཏོང་རྒྱུ་ཡིན་པ་དང་། གཞན་ཡང་ཤིན་ཡཱ་སློབ་གླིང་དང་རླངས་འཁོར་བཟོ་ལྟ་དང་ཇུས་འགོད་ཐད་ཀྱི་རྣམ་གྲངས་གསར་པ་གཉིས་སྣོན་རྒྱུ་ཡིན་པ་རེད།