འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གཞོན་སྐྱེས་གླུ་མ་ཀླུ་མོ་མཚོའི་སྒྱུ་རྩལ་གྱི་གོམ་སྟབས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་23ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གཞོན་སྐྱེས་གླུ་མ་ཀླུ་མོ་མཚོའི་སྒྱུ་རྩལ་གྱི་གོམ་སྟབས།
         ཆུ་ལེན་བུ་མོའི་དབུ་ལྕོག་ཀྲོགས་སེ་ཀྲོག། སྐྲ་ནག་ལན་བུའི་གཟི་འོད་ཀྱུགས་སེ་ཀྱུག། གོམ་ཆུང་ཕྲ་མོའི་འདེགས་འཇོག་ལྡེམས་སེ་ལྡེམ།། ཡིད་འོངས་ལང་ཚོའི་འཇོ་སྒེག་ངོམས་སེ་ངོམ།། ཞེས་པའི་གླུ་སྐད་སྙན་མོ་ཞིག་《འཛམ་གླིང་ཡང་རྩེ་ནས་ཤར་བའི་གསེར་གྱི་སྐར་ཚོམས་》ཀྱི་གླུ་གཞས་སྟེགས་བུ་ནས་ཡུལ་དུས་ཀྱི་ཐོགས་རེག་གཏོར་ཏེ་ཁ་བའི་རི་ཀླུང་དང་ཡུལ་གྲུ་བརྒལ་ནས་མཐོ་བའི་རི་དང་དམའ་བོ་ཆུ་ཀླུང་བརྒྱུད་དེ་གཞིས་བྱེས་སྤུན་ཟླ་རེ་རེའི་ཡིད་ཀྱི་ཟབ་ས་དང་སེམས་ཀྱི་དམར་ས་རུ་སྐད་ངག་གི་སྙན་འཇེབས་དང་གླུ་ཚིག་གི་བརྗོད་བྱ། ཡིད་འོང་གི་ལང་ཚོ། ཡ་རབས་དུངས་གཤིས་ལྷོད་པོའི་ཉམས་འགྱུར་སོགས་ཀྱིས་ཞེན་དུང་ཚོར་སྣང་གི་བག་ཆགས་སྔ་ན་མེད་པ་རེ་རེ་བསྩལ་ཡོད་པར་མ་ཟད། ཁ་བ་གངས་རིའི་ལྗོངས་ཀྱི་གསར་བུ་གསར་མོ་གང་མང་ཞིག་གི་ཤ་རུས་ཀྱི་གསེང་དང་ཡིད་སེམས་ཀྱི་སྦུབསནས་ཡིད་སྨོན་དང་ཞེན་རྟེན་གྱི་གནས་སུ་གྱུར་སོང་ཟེར་ན་བདེན་དོན་གྱི་གནས་ཤིག་ཅི་ལ་མིན།
         ཁོ་མོའི་མིང་ལ་ཀླུ་མོ་མཚོ་ཞེས་ཟེར་ཞིང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ཅིག་སྟེ་སྤྱི་ལོ1989ལོའི11པའི་ཚེས19ཉིན་མདོ་སྨད་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཤར་ཕྱོགས་སུ་གནས་པའི་མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་གི་ས་ཆར་སྟོང་རི་ལྷ་མཚོ་ཞེས་རི་ཕྲན་སྟོང་གིས་མཐའ་བསྐོར་བའི་མཚོ་མོ་མེ་ལོང་འདྲ་བ་ཞིག་ཡོད་པ་དེའི་འགྲམ་ངོགས་སུ་གནས་ཆགས་ཤིང་མི་རབས་ནས་མི་རབས་བར་དུ་མཐུན་སྒྲིལ་གཡུང་དྲུང་རི་མོར་འགྱུར་མྱོང་མེད་པའི་སྡེ་བ་མར་ཁུ་འཁྱིལ་འདྲ་ཞིག་ཡོད་པ་དེའི་མིང་ལ་བིས་མདོ་གཡང་སྡེ་ཕྱུག་མོ་ཞེས་གྲགས་ཤིང་ས་ཆ་དེ་ག་ནས་ཁོ་མོའི་ཚེ་སྲོག་གི་ངུ་སྐད་ཐོག་མར་གྲགས། བྱིས་པའི་ལང་ཚོ་ལ་གཉོམ་ལག་རྒྱས་དུས་ནས་སྡེ་བའི་ལོ་མཉམ་བྱིས་པ་དག་དང་ལྷན་དུ་ཕ་ཡུལ་གྱི་སློབ་ཆུང་དུ་དཔེ་ཁུག་ཁུར་བའི་སློབ་མ་ཆུང་ཆུང་ཞིག་གི་ལས་དབང་ཐོད་ལ་ཐོབ་ཅིང་། སྦྱངས་བརྩོན་གྱི་འབད་པ་ལྷུ་རུ་བླངས་ཤིང་དཀའ་སྤྱད་ཀྱི་སྡུག་རུས་མཐའ་རུ་བསྐྱངས་པས་སློབ་གྲྭའི་སྒོ་ཐེམ་རེ་རེ་ནས་བདེ་བླག་གིས་བརྒལ་ཐུབ་པ་བྱུང་། ཁོ་མོའི་ལྷན་སྐྱེས་སྙན་འགྱུར་གྱི་མགྲིན་ངག་རེ་རེ་སློབ་གྲྭའི་དུས་ཆེན་རེ་རེ་དང་གཟའ་མཇུག་སྤྲོ་ཚོགས་སོགས་ཁོ་མོ་འགྲིམ་པའི་སློབ་གླིང་རེ་རེའི་གར་སྟེགས་གང་ཞིག་ནས་ལྷང་ལྷང་གིས་གྲགས་ཤིང་ཡིད་ལྷུང་གིས་མཆེད་ཡོང་བ་དང་། ཡ་རབས་གཤིས་བཟང་གི་ཀུན་སྤྱོད་རེ་རེ་མིག་ལམ་དུ་ཐོགས་ཡོང་དུས་གོང་དགེ་རྒན་དམ་པས་བསྟོད་བསྔགས་ཀྱི་གསུང་ཚིག་ཆད་མྱོང་མེད་ལ། བར་སློབ་གྲོགས་བཟང་པོའི་ཞེན་རྟེན་གྱི་ཡུལ་དུ་གྱུར་པ་གྲངས་ཀྱིས་ག་ལ་ཟིན།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།