འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡི་ཨུ་ཡོན་ཧྲེན་ཁྲུའུ་ཡིས་ཆེད་དོན་ལྟ་ཞིབ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་
    སྒྲིག་ཁྲིམས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་ཆེད་རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་འདོན་ཤུགས་རིམ་བཞིན་ཆེ་རུ་བཏང་ཡོད། ལྷག་པར་དུ་དབུས་ནུབ་རྒྱུད་ཀྱི་ས་ཁུལ་དབུལ་པོར་དམངས་འཚོའི་མ་དངུལ་དང་རྣམ་གྲངས་གཏོང་ཤུགས་ཇེ་མང་དུ་བཏང་ཡོད། མ་དངུལ་དང་རྣམ་གྲངས་དེ་དག་གཅིག་ནས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་འབྲེལ་བ་ཡོད་ལ། གཅིག་ཤོས་ནས་མི་སེར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། དེའི་ནང་མང་ཆེ་བ་འཚོ་བརྟེན་དངུལ་དང་རྒུད་སྐྱོབ་དངུལ་ཡིན། འོན་ཀྱང་ལམ་སྲོལ་གསལ་པོ་མེད་པ་དང་ལྟ་སྐུལ་བྱེད་ཤུགས་མི་འདང་བ་སོགས་ཀྱིས་རྐྱེན་པས་དམངས་འཚོའི་དངུལ་དེ་དག་བར་དུ་བཀག་ཉར་དང་། གཡོ་ལེན། ཧམ་བཟུང་བཅས་བྱེད་པའི་སྣང་ཚུལ་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ཏུ་ཡང་ཡང་ཐོན་ཡོད། ཀུའེ་ཀྲོའུ་ནི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་ཡིན་པས་ལོ་ལྟར་དབུལ་སྐྱོར་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་མ་དངུལ་སྒོར་དུང་ཕྱུར་2000ཡན་གཏོང་གི་ཡོད། ཀུའེ་ཀྲོའུ་ཞིང་ཆེན་སྒྲིག་ཨུད་ཀྱིས་ལྟ་སྐུལ་སྒྲིག་སྐྱོང་གི་བྱེད་སྟངས་འཚོལ་ཞིབ་དང་འགྱུར་ལྡོག་བཏང་ནས་ཆེད་དོན་ལྟ་ཞིབ་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བརྩིས་ནས་དམངས་འཚོའི་ཁྱབ་ཁོངས་སུ་སྤྱོད་གཙང་སྐྱོང་བའི་བྱ་སྤྱོད་སྤེལ་ཏེ་འཚོ་བརྟེན་དངུལ་དང་རྒུད་སྐྱོབ་དངུལ་དེ་དག་མང་ཚོགས་ཀྱི་ལག་ཏུ་དངོས་སུ་འབྱོར་བ་བྱས་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྲ་བརྟན་གྱི་སྒྲིག་ཁྲིམས་འགན་ལེན་བྱས་ཡོད།
         ན་ནིང་ཟླ་གཉིས་པ་ནས་བཟུང་། ཀུའེ་ཀྲོའུ་ཡིས་དམངས་འཚོའི་ལས་གཞི་དང་དམངས་འཚོའི་རྣམ་གྲངས་གལ་ཆེན་ལ་དམ་འཛིན་ནན་པོ་བྱས་ཏེ་ཁེ་ལས་ཆེས་ཆུང་གྲས་ལ་འདེགས་སྐྱོར་དང་། ཉེན་ཡོད་ཁང་པ་སྒྱུར་བཀོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། ས་ཆ་ཁག་གཅིག་ཏུ་གནད་དོན་ཐོན་མང་བ། དབུལ་སྐྱོར་ལས་དོན་ཐད“མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུག་པའི”དམངས་འཚོའི་མ་དངུལ་དང་རྣམ་གྲངས་གཙོ་བོར་དམིགས་ནས་ས་ཁུལ་དང་། ས་ཁོངས། གོ་རིམ་བཅས་དབྱེ་ནས་ཆེད་དོན་ལྟ་ཞིབ་བྱས་ཏེ་ཕྱོགས་ཡོངས་ནས་རིམ་པས་གྲལ་བཤེར་བྱས་ཡོད། ཁྱབ་ཁོངས་གང་དུ་གནད་དོན་མངོན་གསལ་དོད་པོ་ཡོད་པ་དེར་གཅིག་སྡུད་ཞིབ་བཤེར་དང་བཅོས་སྒྲིག་བྱས་པ་དང་། གནད་དོན་གང་དག་ལ་མང་ཚོགས་ཀྱི་བསམ་འཆར་མང་ཤོས་ཡོད་པ་དེ་སེམས་ཐག་ཆོད་པོས་ཐག་གཅོད་བྱས་ཡོད། ན་ནིང་ཁོ་ནར་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་10238ཐོ་བཀོད་པ་དང་། མི་10640ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ། མི་667ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་པ་བཅས་དེ་དག་གིས་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་7.86ཟིན་ཡོད། ཡོངས་ཁྱབ་རྣམ་པའི་ཆེད་དོན་ལྟ་ཞིབ་དེས་དམངས་འཚོའི་ཐད་ཀྱི་རུལ་སུངས་གབ་ས་མེད་པར་གྱུར་བ་མ་ཟད། ད་དུང“རླུང་རྟ་ཆག་ན་སྡུག་གྱོང་ཡིན་པའི”སྟེས་དབང་གི་བསམ་བློ་འཁྱེར་མཁན“སྦྲང་མ”མི་ཉུང་བར་ཉེན་བརྡ་དང་ཟིལ་གནོན་སྤྲད་ཡོད། 2015ལོར་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་དོགས་གཞི་ཡོད་པའི་མི་1800ལྷག་ཙམ་གྱིས་རང་འགུལ་ངང་འབྲེལ་ཡོད་སྡེ་ཚན་ལ་གནད་དོན་ངོས་ལེན་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།