འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕན་ཚུན་ཕྱི་འབྲེལ་ལམ་ཡིག་ཡོད་མིར་ཐོངས་
    མཆན་མི་དགོས་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་03ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་29ཉིན་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་《ཕན་ཚུན་ཕྱི་འབྲེལ་ལམ་ཡིག་ཡོད་མིར་དུས་ཐུང་སྡོད་པར་ཐོངས་མཆན་མི་དགོས་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཡོ་རོབ་མནའ་འབྲེལ་གྱི་གྲོས་མཐུན་》ལ་མིང་རྟགས་བཀོད་ཡོད་པ་རེད།
         གྲོས་མཐུན་ལ་གཞིགས་ན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་གོ་ཆོད་ལམ་ཡིག་གམ་ཡོ་རོབ་མནའ་འབྲེལ་གྱི་གོ་ཆོད་ལམ་ཡིག་ཡོད་པའི་སྤྱི་དམངས་ཀྱིས་རྒྱལ་ཁབ་ཕན་ཚུན་དུ་ཡུལ་སྐོར་བྱ་རྒྱུའི་ཆིངས་ཡིག་བཞག་ཡོད་པ་མ་ཟད། ཉིན་180རེར་ནར་འགྱངས་སྡོད་ཡུལ་ཉིན་90ལས་མི་བརྒལ་བའི་སྐབས་ཕན་ཚུན་ཐོངས་མཆན་འགོད་དགོས་ཀྱི་མེད་པ་རེད།
         ཡོ་རོབ་མནའ་འབྲེལ་གྱི་འབྲེལ་ཡོད་ཆིངས་ཡིག་གི་གཏན་འབེབས་ལ་གཞིགས་ན། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་དབྱིན་ཇི་དང་ཨིར་ལན་གྱི་རང་དབང་དང་། བདེ་འཇགས། གཞུང་དྲང་བཅས་ཀྱི་རྩ་དོན་ལ་བསམ་གཞིག་བྱས་ནས་ཧྲེན་ཀེན་གྲོས་མཐུན་གྱི་འབྲེལ་ཡོད་གྲོས་མཐུན་ཡི་གེ་དང་ཧྲེན་ཀེན་ཡོ་རོབ་མནའ་འབྲེལ་གྱི་སྒྲོམ་གཞིའི་ནང་ཚད་མཐུན་ངང་འཇུག་པའི་འབྲེལ་ཡོད་གྲོས་མཐུན་ནང་བཅུག་མེད་པས་གྲོས་མཐུན་དེ་དབྱིན་ཇི་དང་ཨིར་ལེན་ལ་སྤྱོད་རྒྱུ་མིན་པ་རེད།
         ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་འཐུས་མི་ཚོགས་པའི་ཚོགས་གཙོ་དབྱང་ཡན་དབྱི་དང་ཡོ་རོབ་མནའ་འབྲེལ་དུ་རྒྱུན་སྡོད་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧོ་ལན་གྱི་འཐུས་མི་ཏེ་ཀུའུ་ཡེ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ནང་སྲིད་སྤྱི་ཁྱབ་སིའི་སི་ཀྲང་ཕ་ཁེ་བཅས་ཀྱིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཕྱོགས་གཉིས་པོའི་ཚབ་ཞུས་ནས་གྲོས་མཐུན་ཐོག་མིང་རྟགས་བཀོད་པ་རེད།
         དབྱང་ཡན་དབྱི་ཡིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་40ལྷག་ཙམ་སོང་རིང་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་སོང་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་མང་དུ་སོང་ནས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་འཛུགས་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། 2015ལོར་ཀྲུང་གོ་ནས་ཕྱིར་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུང་1.2ཟིན་པའི་ཁྲོད་ཡོ་རོབ་ཏུ་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་ཁྲི་350ཟིན་ཡོད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་འབྲེལ་བ་བཙུགས་ནས་ལོ་ལྔ་ཚན་བཅུ་པར་སླེབས་པའི་སྐབས་དམ་པ་དོན་གཉེར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་མཛའ་གྲོགས་འབྲེལ་བར་གོ་སྐབས་གསར་པ་འཕྲད་ཡོད་པས་ཕྱོགས་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་རྒྱ་ཟབ་ཏུ་བཏང་ནས་ཕན་ཚུན་འགྲོ་འོང་བྱེད་མཁན་ལ་སྟབས་བདེ་བསྐྲུན་དགོས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་ཕན་ཚུན་ཕྱི་འབྲེལ་ལམ་ཡིག་ཡོད་མིར་ཐོངས་མཆན་མི་དགོས་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཐོག་ནས་ཕྱོགས་གཉིས་པོས་འབྲེལ་ཡོད་ཁྱབ་ཁོངས་སུ་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་པས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་གཉིས་ཁེའི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་ལ་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
         ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཕྱོགས་གཉིས་པོས་འགྲོ་འོང་མི་སྣར་སྟབས་བདེ་བསྐྲུན་པའི་ཁྱབ་ཁོངས་དེ་བས་ཆེ་བའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུར་གྲོས་མོལ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་ཚོང་དོན་དང་། ཡུལ་སྐོར། ཕྱི་རྒྱལ་དུ་སློབ་སྦྱོང་བཅས་ཀྱི་ཐོངས་མཆན་འགོད་རྒྱུར་སྟབས་བདེ་བསྐྲུན་ནས་མི་སྣ་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།