འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་བོད་བརྒྱུད་ནང་བསྟན་གྱི་སྔ་རབས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ཆོས་
    ཕྱག་བྲིས་མ་ལེགས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་02ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་གྲངས་ཉུང་མི་རིགས་སྐད་ཡིག་གནའ་གཞུང་ཁྲུའུ་ཡིས་ཀན་སུའུ་ཡིས་《སྔ་རབས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ཆོས་ཕྱག་བྲིས་མ་རིན་ཆེན་གསེང་ཕྲེང་》ཞེས་པ་བསྡུ་རུབ་དང་ལེགས་སྒྲིག་བྱས་པ་དང་། དེའི་ནང་དུས་རབས་བཅུ་བཞི་པའི་ཡར་སྔོན་གྱི་བོད་བརྒྱུད་ནང་བསྟན་གྱི་སྔ་རབས་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་དང་གསུང་རྩོམ་སོགས་རྩ་ཆེའི་ཕྱག་བྲིས་མ་མང་པོ་ཡོད་ཅེས་བཤད་པ་རེད།
         《སྔ་རབས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ཆོས་ཕྱག་བྲིས་མ་རིན་ཆེན་གསེར་ཕྲེང་》ཞེས་པར་ཁྱོན་བམ་པོ་བརྒྱ་དང་ཉི་ཤུ་ཡོད་པ་དེའི་ནང་གི་ལེའུ་དང་པོར་བམ་པོ་བཞི་བཅུ་ལེགས་སྒྲིག་དཔེ་སྐྲུན་བྱས་པ་དང་། དེའི་ནང་རྣམ་ཐར་བམ་པོ་22དང་། ཆོས་འབྱུང་དེབ་ཐེར་6གདུང་རབས་བམ་པོ་1མཆན་འགྲེལ་དང་མན་ངག་བམ་པོ་3རྣམ་ཐར་དཀར་ཆག་བམ་པོ1མགུར་གླུ་བམ་པོ་5་བཅས་ཚུད་ཡོད་པ་རེད།
    དེ་ནི་དུས་ད་ཆའི་བར་ཆེས་སྔ་རབས་དང་ཆ་ཚང་ཤོས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྔ་རབས་སྐྱེས་བུ་དམ་པ་རྣམས་ཀྱི་ཕྱག་བྲིས་མའི་བསྟན་བཅོས་ཤིག་ཡིན་ལ་བསྡུ་རུབ་བྱེད་ཁྱོན་ཆེ་ཤོས་དང་། ཕྱག་བྲིས་མ་མྱུར་སྐྱོབ། ཚད་ལྡན་དཔེ་ཆ་ཆ་ཚང་ཤོས་བཅས་ཀྱི་བོད་ཡིག་གནའ་གཞུང་ལེགས་སྒྲིག་བྱས་པ་ཞིག་ཀྱང་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ལེགས་སྒྲིག་བྱས་པའི་《སྔ་རབས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ཆོས་ཕྱག་བྲིས་མ་རིན་ཆེན་གསེར་ཕྲེང་》ཞེས་པ་དེར་དུས་རབས་7པ་ནས་13པའི་བར་ཚུད་པ་དང་ནང་དོན་གྲས་སུ་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་རྣམས་ཀྱི་མཇལ་དཀོན་པའི་གསུང་རྩོམ་དང་། རྣམ་ཐར། མགུར་གླུ། གསུང་ཆོས། གསུང་རབ་ཀྱི་མཆན་འགྲེལ། མཆོད་བརྗོད་སོགས་ཚུད་ཡོད་པ་རེད།
         དེའི་ནང་ནས་མྱུར་སྐྱོབ་ཉར་ཚགས་ཞིབ་ཚགས་བྱས་པའི་《མི་ལ་རས་པའི་རྣམ་ཐར་》གྱི་མཐོང་དཀོན་པའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་དེའི་ཐད་དུ། ད་ཐེངས་ཀྱི་ལེགས་སྒྲིག་ནང་ད་ཡོད་ཀྱི་པར་གཞི་ཁག་ལྔ་ཚང་མ་གསུང་ཆོས་ནང་བཅུག་ནས་བོད་རིག་པ་ཞིབ་འཇུག་མཁན་དང་། ཆོས་ལུགས་མི་སྣ། ཀློག་པ་པོ་བཅས་ལ་ཆ་ཚང་ཤོས་ཀྱི་རྗེ་བཙུན་མི་ལ་རས་པའི་ཚེ་གང་གི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གསུང་ཆོས་དེའི་ནང་བཀོད་པའི་ནང་དོན་མང་ཆེ་བ་ནི་བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་པའི་བླ་མ་སྐྱེས་ཆེན་ཚོའི་ལོ་ངོ་བརྒྱ་ཕྲག་ཚུན་གྱི་རྩ་ཆེའི་ཕྱག་བྲིས་མ་ཡིན་པས། དེ་བོད་སྐད་ཡིག་རིག་གནས་ཀྱི་འགྱུར་ལྡོག་དང་དེ་བཞིན་དབུས་གཙང་དང་། ཨ་མདོ། ཁམས་པ་སོགས་ཁུལ་དུ་ནང་ཆོས་བརྒྱུད་སྤེལ་གྱི་ལོ་རྒྱུས་དང་སྤྱི་ཚོགས་ཞིབ་འཇུག་བཅས་ཀྱི་ངོས་ནས་བརྗོད་ཚེ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད།
         གསུང་ཆོས་དེའི་ནང་ལེགས་སྒྲིག་བྱས་པའི་བོད་ཀྱི་རིག་གནས་ཁྲོད་ཆེས་སྔ་ཤོས་ཀྱི་ཆོས་འབྱུང་《སྦ་བཞེད་》ལ་ཁྱོན་ཤོག་ལྷེ་62ཡོད་པ་དང་གཙོ་བོ་བསྟན་པ་སྔ་དར་དུས་ཀྱི་ནང་ཆོས་སྤུར་རྒྱལ་དུ་དར་ཚུལ་བཀོད་ཡོད་པ་རེད། གཞན་ཡང་ད་དུང་སྲོང་བཙན་སྒམ་པོའི་དུས་སྐབས་སུ་ལྷ་ཁང་བཞེངས་པ་དང་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་ཚུལ། དེ་བཞིན་ནང་ཆོས་ཀྱི་བསམ་བློ་གསུང་རབ་གཞིར་བཟུང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཟོ་བཅོས་དང་གཏན་འབེབས་བྱས་པ་སོགས་ཀྱི་བོད་རིགས་ཀྱི་ལོ་རྒྱུས་སྙན་ངག་བཀོད་ཡོད་པ་རེད།
         ཀན་སུའུ་ལྷ་མོ་དགོན་གྱི་བླ་མ་སྐྱེས་ཆེན་བློ་བཟང་གིས་ནང་དོན་དེ་དག་ནི་བོད་བརྒྱུད་ནང་བསྟན་གྱི་ཤེས་དཔལ་ལོ་ངོ་སྟོང་ཕྲག་རྒྱུན་འཛིན་ཐུབ་པའི་རྩ་བ་ཡིན་ལ་བོད་རིགས་ཀྱི་གནའ་བོའི་བསམ་བློའི་རིག་གནས་དང་། ལོ་རྒྱུས་དང་སྤྱི་ཚོགས། ཆོས་ལུགས་མཚན་ཉིད་རིག་པ་བཅས་མཚོན་པར་བྱེད་པའི་མིག་མཐོང་ལག་ཟིན་གྱི་དཔྱད་གཞིའི་ཡིག་རིགས་ཤིག་ཡིན་ཞིང་དེར་བོད་བརྒྱུད་ནང་བསྟན་གྱི་འཕོ་འགྱུར་དང་བོད་རིགས་ཀྱི་གནའ་བོའི་ལོ་རྒྱུས་ཞིབ་འཇུག་ངོས་ནས་བརྗོད་ཚེ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་རིན་ཐང་ལྡན་ཡོད་ཅེས་བརྗོད་པ་རེད།
         གསུང་ཆོས་དེ་དཔེ་སྐྲུན་འགྲེམས་སྤེལ་གྱི་འགན་འཁུར་མཁན་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་དཔེ་སྐྲུན་ཟིན་པའི་བོད་རིགས་གནའ་གཞུང་མང་པོ་ཞིག་ནི་ཡི་གེ་བསྐྱར་དུ་ཕབ་འཇུག་བྱས་རྗེས་དཔེ་སྐྲུན་བྱས་པ་ཞིག་ཡིན་པས། ཡི་གེ་ཁག་གཅིག་ཕབ་འཇུག་བྱེད་ཐབས་བྲལ་སྟབས་གནའ་གཞུང་ཇི་མ་ཇི་བཞིན་མངོན་མ་ཐུབ་པའི་གནས་ཚུལ་གནས་ཡོད། ཡིན་ཡང་། ད་ཐེངས་《སྔ་རབས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ཆོས་ཕྱག་བྲིས་མ་རིན་ཆེན་གསེང་ཕྲེང་》ཆ་ཚང་པར་རིས་མཉམ་བཀོད་ཀྱི་ཐོག་ནས་དཔེ་སྐྲུན་བྱས་པས་བོད་ཡིག་གནའ་གཞུང་གི་དེ་སྔའི་རྣམ་པ་ཇི་མ་ཇི་བཞིན་མངོན་པར་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།