འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ཡས་ཚེས་27ཉིན་ནས་བཟུང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལག་བསྟར་
    བྱེད་དགོས་པའི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་རྒྱལ་སྲིད་སྤྱི་ཁབ་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་ཨ་རི་དང་ཨུ་རུ་སུས་སི་རི་ཡའི་གདོང་གཏུག་ཕྱོགས་ཁག་དང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་ནས་དམག་མཚམས་འཇོག་པའི་གྲོས་མཐུན་དེ་ཟླ་2ཚེས་27ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ལུགས་བརྗོད་ཡོད།
         ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེ་རང་དུ་ཁྱབ་བསྒྲགས་བྱས་པའི་ཨ་རི་དང་ཨུ་རུ་སུའི་མཉམ་འབྲེལ་གསལ་བསྒྲགས་ནང་སི་རི་ཡའི་གདོང་གཏུག་ཕྱོགས་ཁག་གིས་སི་རི་ཡའི་ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་གྱི་ཆུ་ཚོད་བཅུ་གཉིས་པའི་གོང་ཨུ་རུ་སུའམ་ཡང་ན་ཨ་རིར་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལག་བསྟར་བྱེད་འདོད་ཡོད་ལུགས་བརྗོད་དགོས་ཞེས་བཤད།
         གསལ་བསྒྲགས་ནང་དམག་མཚམས་འཇོག་པའི་གྲོས་མཐུན་ནང“དབྱི་སི་ལམ་རྒྱལ་ཁབ”སོགས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངོས་འཛིན་བྱས་པའི་འཇིགས་སྐུལ་རྩ་འཛུགས་ལ་རྡུག་རྡེག་གཏོང་རྒྱུའི་དམག་དོན་བྱ་སྤྱོད་ཚུད་མེད་པ་དང་། ཨ་རི་དང་ཨུ་རུ་སུས“དབྱི་སི་ལམ་རྒྱལ་ཁབ”སོགས་འཇིགས་སྐུལ་རྩ་འཛུགས་ལ་མུ་མཐུད་ནས་མཁའ་རྒོལ་བྱེད་པ་སོགས་དམག་དོན་བྱ་སྤྱོད་སྤེལ་རྒྱུའི་ནན་བཤད་བྱས་ཡོད།
         གསལ་བསྒྲགས་ནང་དམག་མཚམས་བཞག་པ་ལས་ཕྱོགས་ཁག་ལ་ཨུ་རུ་སུ་དང་ཨ་རིའམ་ཡང་ན་སི་རི་ཡའི་སྲིད་གཞུང་ཕྱོགས་ཀྱི་འགོག་རྒོལ་མི་ཕོག་པ་བྱ་ཆེད་ཨ་རི་དང་ཨུ་རུ་སུས་འཕྲིན་གཏོང་ཐད་སྦྲེལ་ཁ་པར་བཙུགས་ནས་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་མ་ཟད་ད་དུང་འབྲེལ་ཡོད་ཀྱི་དགོས་ངེས་བྱ་ཐབས་སྤྱོད་རྒྱུ་ཡིན་པ་རེད། དགོས་པ་ཡོད་ཚེ་ཨ་རི་དང་ཨུ་རུ་སུས་དམག་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་རྗེས་ལས་དོན་ཚོགས་ཆུང་བཙུགས་ནས་ཕན་ཚུན་འབྲེལ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད།
         ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིས་ཕྱོགས་ཁག་གིས་དམག་མཚམས་འཇོག་པའི་གྲོས་མཐུན་དང་ལེན་བྱེད་པ་མ་ཟད་ད་དུང་ཕྱོགས་ཡོངས་ནས་བརྩི་སྲུང་ཞུ་རྒྱུའི་འབོད་སྐུལ་བྱས་པ་རེད།
         ཨ་རིའི་ཙུང་ཐུང་ཨོ་པ་མས་ཉིན་དེར་ཨ་རི་དང་ཨུ་རུ་སུས་སི་རི་ཡའི་གདོང་གཏུག་ཕྱོགས་ཁག་གིས་དམག་མཚམས་འཇོག་རྒྱུར་བསམ་ཤེས་བྱས་པར་དགའ་བསུ་ཞུས་པ་རེད།
         ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་22ཉིན་བརྙན་འཕྲིན་ཐོག་གཏམ་བཤད་སྤེལ་ནས་ཁོང་དང་ཨོ་པ་མས་ཉིན་དེའི་ཁ་པར་གཏོང་ལེན་ཁྲོད་སི་རི་ཡའི་གདོང་གཏུག་ཕྱོགས་ཁག་གིས་དམག་མཚམས་འཇོག་རྒྱུའི་སྐོར་གྱི་ཨུ་རུ་སུ་དང་ཨ་རིའི་མཉམ་འབྲེལ་གསལ་བསྒྲགས་ལ་མོས་མཐུན་ཡོད་ཅེས་བརྗོད།
         ཕུའུ་ཅིང་གིས་ཨུ་རུ་སུས་སི་རི་ཡ་སྲིད་གཞུང་ཕྱོགས་ཀྱིས་དམག་མཚམས་འཇོག་པའི་གནད་དོན་ལ་དགོས་ངེས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་དང་། ཨ་རིས་དེའི་གནའ་གྲོགས་ལ་ཁ་གཏད་གཅོག་པའི་ཐད་དེ་དང་འདྲ་བའི་ལས་དོན་སྤེལ་དགོས་ལུགས་བསྟན་ཡོད། གཞན་ཡང་ཨུ་རུ་སུ་དང་ཨ་རིས་ད་དུང་དམག་མཚམས་འཇོག་པའི་ལྟ་སྐུལ་ལམ་སྲོལ་བཙུགས་ནས་ཁ་པར་གྱི་ཐད་སྦྲེལ་ཨང་གྲངས་འཛུགས་པ་མ་ཟད་ད་དུང་གསང་འཕྲིན་སྤེལ་རེས་བྱེད་པའི་ལས་དོན་ཚོགས་ཆུང་ཡང་འཛུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།