འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་7ནང་ཕྱུགས་རིགས་ལུག་འགྱུར་གྲངས་ཚད་ཁྲི་570ཉུང་དུ་བཏང་ནས་
    རྩྭ་ཐང་གི་ཁུར་པོ་ཡང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2008ལོར་རྩྭ་སའི་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་སྔོན་ལ་ཚོད་ལྟ་བྱས་པ་ནས་བཟུང་། སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་གཞི་རྟེན་དུ་བྱས་ཏེ“རྩྭ་སར་གཞིགས་ནས་ཕྱུགས་གྲངས་གཏན་འཁེལ”ཁྱབ་གདལ་ཤུགས་ཆེན་བཏང་བའི་ལོ་7རིང་། མཚོ་སྔོན་འབྲོག་ཁུལ་གྱིས་རིམ་རྩིས་ལྟར་ན་ལུག་འགྱུར་གྲངས་ཚད་ཁྲི་570ཉུང་དུ་བཏང་བས། རྩྭ་ཐང་རྒྱུན་མཐུད་ཞན་འགྱུར་གྱི་སྣང་ཚུལ་གཏན་འགོག་རགས་ཙམ་ཐུབ་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་གི་སྤྱི་ཁྱབ་འབྲོག་ལས་ཆེ་མོ་བ་ཝང་ཧུའེ་ལིན་གྱིས“གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་དང་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་སོགས་སྣོད་བཅུད་སྲུང་སྐྱོང་ལམ་སྲོལ་རབ་དང་རིམ་པ་དང་ཟུང་འབྲེལ་གྱིས་ཞིབ་ལས་ཅན་གྱི་རྩྭ་སའི་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་མུའུ་དུང་ཕྱུར་2.45ཡི་ཞན་འགྱུར་ཚད་གཞི་འབྲིང་ཡན་གྱི་རྩྭ་རར་ཕྱུགས་བཀག་སྲུང་སྐྱོབ་དང་། མུའུ་དུང་ཕྱུར་2.29ཡི་རྩྭ་ཐང་ཐོག་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱས་ཡོད། ཕྱུགས་བཀག་དང་། ཕྱུགས་རོགས་ཉུང་གཏོང་། ཕྱུགས་རོགས་འཚོ་མཚམས་འཇོག་པ་བཅས་བྱས་པ་བརྒྱུད། མཚོ་སྔོན་འབྲོག་ཁུལ་གྱི་རང་བྱུང་རྩྭ་རའི་རྩྭ་གསོན་ཚད་12.19%འཕར་ཡོད”ཅེས་བཤད།
         རང་རྒྱལ་གྱི་འབྲོག་ཁུལ་ཆེན་པོ་ལྔའི་གྲས་ཤིག་ཡིན་པའི་མཚོ་སྔོན་ཞིང་ཆེན་ལ་མུའུ་དུང་ཕྱུར་4.74ཡི་སྤྱོད་ཆོག་པའི་རྩྭ་ར་ཡོད་ཅིང་། དེ་དག་མང་ཆེ་བ་གཙང་གསུམ་ཆུ་འགོ་དང་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་དུ་གནས་ཡོད། རྩྭ་ར་དེ་དག་ནི་མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཡིན། འོན་ཀྱང་དུས་ཡུན་རིང་པོའི་ནང་ཕྱུགས་ཚད་ལས་བརྒལ་བ་གསོས་པས། དེ་གའི་རྩྭ་ཐང་ཞན་འགྱུར་དང་བྱེ་འགྱུར་ཚབས་ཆེ་རུ་ཕྱིན་ཏེ། འབྲོག་ལས་རགས་ལས་རྣམ་པའི་འཕར་ཐབས་མུ་མཐུད་ལག་བསྟར་བྱེད་ཐབས་བྲལ་ནས། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་སྣོད་བཅུད་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པ་རེད།
         མི་ཕྱུགས་རྩྭ་གསུམ་གྱི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བ་དང་། འབྲོག་པར་འབབ་འཕར་ཡོང་དཀའ་བ་སོགས་ཀྱི་འགལ་བ་སེལ་ཕྱིར། 2008ལོའི་ལོ་མཇུག་ཏུ་མཚོ་སྔོན་གྱིས་འབྲོག་ཁུལ་དུ་མཉམ་ལས་ཁང་གཞི་རྟེན་དུ་བྱས་པའི་ཞིབ་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། “རྩྭ་རར་གཞིགས་ནས་ཕྱུགས་གྲངས་གཏན་འཁེལ་དང་། རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱེད་པའི”དེང་རབས་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་འཛུགས་གང་ཐུབ་བྱས་ཡོད། ལོ་7རིང་འཕེལ་རྒྱས་བཏང་བ་བརྒྱུད། མིག་སྔར་མཚོ་སྔོན་དུ་ཁྱོན་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་961ཡོད་པ་དང་། རིམ་རྩིས་ལྟར་ན་ཕྱུགས་ཟོག་མགོ་གྲངས་ཁྲི་1015ཉུང་གཏོང་དང་རྩྭ་ར་མུའུ་དུང་ཕྱུར་2.56འཁོར་རྒྱུག་བྱས་ཡོད། 2014ལོའི་ཟླ་བརྒྱད་པར་མཚོ་སྔོན་འདི་ཉིད་ཞིང་ལས་པུས“རྩྭ་རའི་སྣོད་བཅུད་འབྲོག་ལས་ཚོད་ལྟའི་ཁུལ”ལ་བདམས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།