འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དུ་མིང་དངོས་མ་བཀོད་པའི་ཁ་པར་གཱ་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། དྲ་སྦྲེལ་གྱི་འཕྲིན་གཏོང་བྱ་གཞག་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཁྲོམ་རའི་ཐོག་ཁྲིམས་འགལ་བ་ཁག་གཅིག་གིས་མིང་དངོས་མ་བཀོད་པའི་སྒུལ་བདེའི་ཁ་པར་གྱི་གཱ་(“གཱ་ནག་པོ”ཞེས་བརྗོད་པ་)སྤྱད་དེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་བའི་སྣང་ཚུལ་ཐོན་གྱི་ཡོད། རང་ལྗོངས་ཀྱིས་ན་ནིང་ལོ་སྟོད་ནས་བཟུང་དུས་ཡུན་ལོ་གཅིག་གི་ཁ་པར་གྱི“གཱ་ནག་པོ”བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་ཡོད།
         བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་སྤྱི་བདེ་ཐིང་དང་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་སོགས་ཚན་པ་དང་མཉམ་འབྲེལ་ཐོག་ཁ་པར་གྱི“གཱ་ནག་པོ”བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་གཞུང་ལས་ཁང་བཙུགས་ནས་《བོད་རང་སྐྱོང་ལྗོངས་ཀྱི་ཁ་པར་གྱི“གཱ་ནག་པོ”བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལས་ཀའི་ཇུས་གཞི་》དང་《བོད་རང་སྐྱོང་ལྗོངས་ཀྱི་ཁ་པར་གྱི“གཱ་ནག་པོ”བཅོས་སྒྲིག་གི་ཆེད་དོན་ཞིབ་བཤེར་ཇུས་གཞི་》བཟོས་ནས་གཤམ་སྤྲོད་བྱས་ཏེ། ཆེད་དོན་བྱ་སྤྱོད་ཐད་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་བཏོན་ནས་འཕྲིན་གཏོང་སྡེ་ཚན་གྱིས་ཁ་པར་གྱི་མིང་དངོས་ནན་པོ་བཀོད་དེ་ཁ་པར་གྱི“གཱ་ནག་པོ”འགྲོ་རྒྱུག་གི་ཐབས་ལམ་དང་ཁེ་ཕན་གྱི་འབྲེལ་ཐག་གཅོད་རྒྱུའི་རེ་བ་བཏོན་ཡོད། ཁ་པར་སྤྱོད་མཁན་གྱི་མིང་དངོས་འགོད་པའི་འདེགས་སྐྱོར་གྱི་ལྟ་ཞིབ་མ་ལག་བསྐྲུན་ནས་སྤྱོད་མཁན་གྱི་ཐོབ་ཐང་ཆ་འཕྲིན་དང་། དྲ་ཐོག་ཏུ་འཇུག་མཁན་གསར་པས་མིང་དངོས་བཀོད་དེ་ཐོ་འགོད་བྱེད་པ། སྤྱོད་མཁན་རྙིང་པས་ཐོ་འགོད་ཁ་གསབ་བྱེད་པ། དྲ་ཐོག་ཏུ་ཕྱིར་ཚོང་ཐབས་ལམ་གྱི་མིང་དངོས་ཐོ་འགོད་བྱེད་པ་སོགས་ཕྱོགས་11ཐད་ནས་ཞིབ་བཤེར་ལས་དོན་སྤེལ་བ་དང་། ཁྲིམས་འགལ་ཐབས་ལམ་གྱི་མིང་གཞུང་ནག་པོའི་ལམ་ལུགས་བཟོས་ནས་འཕྲིན་གཏོང་བྱ་གཞག་ནང་ཁུལ་དུ་བརྡ་ཁྱབ་བཏང་ཡོད།
         ད་རེས་ཀྱི་ཁ་པར་གྱི“གཱ་ནག་པོ”བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཁྲོད་བོད་དུ་ཁ་པར་གྱི“གཱ་ནག་པོ”སྤྱོད་པའམ་ཡང་ན་ཁ་པར་གྱི“གཱ་ནག་པོ”ཕྱིར་ཚོང་བྱེད་མཁན་དང་བྱ་སྤྱོད་སྤེལ་མཁན་མེད་པས། བོད་ཀྱི་སྤྱོད་མཁན་གྱི་མིང་དངོས་ཐོ་འགོད་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱེད་པའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།