འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སར་དཔྱིད་རྨོད་འགོ་ཚུགས་པ།

    བོད་ལྗོངས་ཀྱིས་འདི་ལོ་ནས་མུའུ་ཁྲི་200ཙམ་འདེབས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོར་ལོ་རྟགས་སྤྲེའུ་ཡིན་པའི་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་42ཀྱིས་དར་དམར་བསྒར་བའི་འདྲུད་འཐེན་འཁོར་ལོ་བཏང་ནས་ས་ཞིང་རྨོ་འགོ་ཚུགས་པ་དང་། བོད་རིགས་མང་ཚོགས་ཚོས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞིང་ནང་དང་མུ་ཁར་འདུ་འཛོམས་ཀྱིས་རྨོད་གཉའ་གཅོག་པའི་མཛད་སྒོ་གཟབ་རྒྱས་གཉེར་ནས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་བཏབ་པ་རེད།
         ས་གཞི་ཆེན་པོར་དྲོད་སླེབས་རྐྱེན་པས། མིག་སྔར་བོད་ཀྱི་ཤར་ནས་ནུབ་བར་དང་། ས་བབ་དམའ་བའི་རོང་སའི་ཞིང་ཁུལ་དུ་དཔྱིད་རྨོད་ལས་དོན་ཐོག་མར་སྤེལ་འགོ་ཚུགས་ཤིང་། ས་བོན་དང་། ཞིང་སྨན། རྫས་ལུད་སོགས་ཞིང་ལས་རྒྱུ་ཆ་ཚ་ཚ་འུར་འུར་ངང་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་དབོར་བཞིན་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁུལ་དུ་དཔྱིད་འདེབས་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་འགོ་ཚུགས། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱིས་འདི་ལོ་ནས་འདེབས་ཁྱོན་མུའུ་ཁྲི་200ཙམ་ཟིན་པ་བྱས་ནས། ནས་སོགས་འབྲུ་རིགས་ཐོན་ཚད་ཏུན་ཁྲི་བརྒྱ་ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་རེད།
         ཞིང་འཕྲུལ་ཡོ་བྱད་འབོར་ཆེན་ཁྱབ་གདལ་དུ་ཕྱིན་པ་དང་བསྟུན་ནས། སྔོན་ཆད་ཀྱི་རྨོན་མཛོ་དེ་ད་ཆའི་འདྲུད་འཐེན་འཁོར་ལོས་ཚབ་བྱེད་ཀྱི་ཡོད། སོན་འདེབས་འཕྲུལ་འཁོར་དང་བརྔ་བསྡུའི་འཕྲུལ་འཁོར་སོགས་ཞིང་འཕྲུལ་ཡོ་བྱད་འབོར་ཆེན་ཞིག་ཁྱབ་གདལ་དུ་སོང་ནས་རྨོ་འདེབས་ཀྱི་ལས་ཕྱེད་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་སོན་བཟང་ཁྱབ་གདལ་དུ་ཕྱིན་པ་དེས་ཞིང་པར་དངོས་ཕན་མང་པོ་ཐོབ་ཅིང་། དཔལ་སྡིངས་གྲོང་ཚོའི་གྲོང་མི་ཚེ་རིང་བསྟན་པས་སོན་བཟང་གསར་པ་མུའུ་རེ་ནས་ཐོན་ཚད་སྤྱི་རྒྱ་400ཟིན་རྒྱུ་ཡིན་པ་དང་ཉོ་སྒྲུབ་ཀྱི་རིན་གོང་ཡང་ཧ་ཅང་འཚམ་པོ་ཡོད་པས། ས་ཞིང་འདེབས་པའི་ཞིང་པའི་ཧུར་བརྩོན་ཡང་ཆེ་རུ་ཕྱིན་ནས་ཧ་ལམ་ས་ཞིང་ས་སྟོང་དུ་བཞག་མེད་ཅེས་བཤད།
         གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་འདེབས་འཛུགས་ལས་རིགས་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཞིང་འབྲོག་སྡེ་ཚན་གྱིས་ས་འཇལ་ལུད་སྦྱོར་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པ། ལྗང་མདོག་སྔོན་འགོག་ལག་རྩལ་ཁྱབ་གདལ་གཏོང་བ་བཅས་བྱས་ནས། འབྲུ་རིགས་མུའུ་རེའི་ཐོན་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་། འདི་ལོ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་39གཅིག་གྱུར་འཛུགས་སྐྲུན་བྱས་ནས“ཞིང་བཟང་དང་། སོན་བཟང་། ཐབས་བཟང”བཅས་གཅིག་སྡུད་ཁྱབ་སྤེལ་བྱ་རྒྱུ་རེད།
         ཉེ་བའི་ལོ་ཤས་རིང་བོད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་ཡག་པོ་ཡོད་པ་དང་། འབྲུ་རིགས་ཐོན་ཚད་ལོ་བཅུ་བསྟུད་མར་ཏུན་ཁྲི་90ཡན་རྒྱུན་འཁྱོངས་ཐུབ་ནས་2015ལོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི་102ཟིན་པ་དེའི་ནང་ནས་ཐོན་ཚད་ཏུན་ཁྲི་70ཟིན་པ་དེ་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།