འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱིར་བཏང་མིན་པའི་བོད་ཀྱི"ལོ་ལྔ་ཚན་བཅུ་གཉིས་པར"མང་ཚོགས་ཀྱི་ལྟ་སྟངས་ཇི་འདྲ་
    འཛིན་བཞིན་ཡོད་དམ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ས་ཁྱོན་ཆེ་བ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་ཞིང་། འཕེལ་རྒྱས་བལྟོས་བཅས་འགྲོ་འགོར་བའི་བོད་དུ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་འགྱུར་ལྡོག་གང་བྱུང་ཡོད་དམ་ཞེ་ན། ཟླ་1ཚེས་27ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འདས་ཟིན་ལོ་ལྔ་ནི་སྤྱིར་བཏང་མིན་པའི་དུས་ཤིག་རེད་ཅེས་གསུངས་ལ། དོན་དངོས་དང་གྲངས་གཞི་མང་པོའི་ཐོག་ནས་དྲི་བ་དེར་ལན་བཏབ་གནང་ཡོད།
         དེ་བཞིན་མི་རིགས་ཁག་གི་མང་ཚོགས་ཚོས“ལོ་ལྔ་ཚན་བཅུ་གཉིས་པར”གྲུབ་འབྲས་ཆེན་པོ་ཐོབ་པ་དང་མི་དམངས་ཀྱིས་སྒྱུར་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད་ཅེས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།
        【འགྲིམ་འགྲུལ】 མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་ནས་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་འབའ་ཞིག་དེར་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་སྐྲུན་འགོ་ཚུགས་པ་དང་། ཉིང་ཁྲིའི་སྨན་གླིང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་སོགས་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ནས་རིམ་མཐོའི་གཞུང་ལམ་བསྐྲུན་ཐུབ་ནས་ལམ་ཚད་སྤྱི་ལེ་300ཟིན་པ། ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་7.8ཟིན་པ། ལྷ་གཞིས་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ། རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་63བར་མང་དུ་ཕྱིན་པ་དང་གྲོང་ཁྱེར་40ལ་མཁའ་ལམ་ཤར་གཏོང་ཐུབ་ཡོད།
        【མང་ཚོགས་ཀྱི་བསམ་ཚུལ】 མེ་ཏོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐྱིད་རྡོས“ད་ཆ་གཞུང་ལམ་བཟོས་པས་ཕྱིར་འགྲོ་བདེ་པོ་འདུག ལམ་ཡོད་པས་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུ་ལོས་ཡིན”ཞེས་ཤོད་ཀྱི་འདུག
         【ནུས་རྒྱུ】མཚོ་བོད་དང་ཁྲོན་བོད་གློག་དྲ་སྦྲེལ་ཐུབ་ནས་རྫོང་58ལ་གློག་གཏོང་འགོ་ཚུགས་པ་དང་། རྫམ་གློག་ཁང་སོགས་ཆུ་ཤུགས་གློག་ཁང་བསྐྲུན་ཟིན་ནས་གློག་གཏོང་འགོ་ཚུགས་པས། བོད་དབུས་གློག་དྲས་གློག་ཚད་བཀག་བཟོས་ནས་གཏོང་བའི་ལོ་རྒྱུས་མཇུག་འགྲིལ་བ། ཕུ་མདོ་ཆུ་བེད་ལྟེ་བའི་གློག་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་ཆུ་ཤུགས་གློག་ཁང་གསར་སྤེལ་དུས་མཚམས་གསར་པར་བསྐྱོད་པ་མ་ཟད། བོད་ཀྱི་གློག་ཕྱིར་གཏོང་ཐུབ་པ་བྱུང་ཡོད།
         【མང་ཚོགས་ཀྱི་བསམ་ཚུལ】 བྲག་གཡབ་རྫོང་ཤིང་དཀའ་ཤང་གི་གྲོང་མི་ལྷག་པས“དེ་སྔ་རྟག་ཏུ་གློག་ཆད་ཀྱི་ཡོད་པས། ཁྱིམ་ཚང་ཚང་མ་ནག་ཧུར་རེར་སྡོད་ཀྱི་ཡོད། ད་ཆ་གློག་བརྟན་པོ་ཡོད་པར་བརྟེན་གོས་འཁྲུད་འཕྲུལ་འཁོར་དང་། བརྙན་འཕྲིན། འཁྱག་སྒམ་སོགས་ཉོས་པས་འཚོ་བ་ཧ་ཅང་སྟབས་བདེ་འདུག”ཅེས་ཤོད་ཀྱི་འདུག
         【སྡོད་ཁང】 ལོ་བརྒྱད་བསྟུད་མར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་278བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་མཇུག་བསྒྲིལ་བ་དང་དུད་ཚང་ཁྲི་46དང་ཞིང་འབྲོག་མང་ཚོགས་ཁྲི་230ཚང་མ་སྡོད་ཁང་གསར་པར་སྤོས་ཡོད་ལ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་དུ་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་ལག་བསྟར་བྱས་པས་ཁྱིམ་ཚང་མང་པོར་ཕན་པ་ཐོབ་ཡོད།
         【མང་ཚོགས་ཀྱི་བསམ་ཚུལ】 ལྷ་ས་གྲོང་ཁྱེར་གྱི་སྐྱོབ་གསོའི་དུད་ཚང་རྣམ་རྒྱལ་སྒྲོལ་དཀར་གྱིས“ཁང་མིག་ཚང་མར་དྲོད་རླངས་ཡོ་ཆས་བསྒར་ཡོད་པས། དགུན་ཁ་དྲོ་སོབ་སོབ་ཡོང་རྒྱུ་ལོས་ཡིན”ཞེས་བརྗོད་བྱུང་།
        【སློབ་གསོ】 ལོ་བཅོ་ལྔའི་རིན་མེད་སློབ་གསོ་སྔོན་ལ་མངོན་འགྱུར་བྱུང་ནས་སློབ་སྐྱོད་གོང་གི་བུ་བཅོལ་ཁང་དུ་སྐྱོད་ཚད་བཅུ་ཆ་དྲུག་ལས་བརྒལ་བ་དང་། “གཞི་རྩའི་ཆ་གཉིས”ཀྱི་འགག་སྒྲོལ་ལས་འགན་ཕྱོགས་ཡོངས་ནས་ལེགས་བསྒྲུབས་ཟིན་པ། ལས་རིགས་སློབ་གསོའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་གཉིས་ཟིན་པ། ངལ་རྩོལ་ན་ལོན་མི་འབོར་གྱིས་སློབ་གསོ་དང་ལེན་བྱེད་པའི་ལོ་ཚད་ཆ་སྙོམས་བྱས་ན། ལོ་བརྒྱད་མཐོ་རུ་ཕྱིན་ཡོད།
         【མང་ཚོགས་ཀྱི་བསམ་ཚུལ】 ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཡ་ཏེས“ད་ཆ་སློབ་ཡོན་སྐར་མ་གཅིག་ཀྱང་སྤྲོད་མི་དགོས་པས། ཁྱིམ་བདག་ཚོས་ཕྲུ་གུ་སློབ་གྲྭར་གཏོང་འདོད་ཆེན་པོ་བྱེད་པས། སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་ཐོན་ཚད་ཉུང་དུ་ཕྱིན་འདུག”ཅེས་བརྗོད་བྱུང་།
          【སྨན་བཅོས】 རྫོང་རིམ་པའི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཚད་གཞི་ལོན་པ་དང་། རིམས་ནད་ཚོད་འཛིན་གྱི་ལྟེ་གནས་ཁྱབ་པ། ཤང་ཚང་མར་འཕྲོད་བསྟེན་ཁང་ཡོད་པ། གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་བཅས་མངོན་འགྱུར་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁུངས་ནང་ཚུད་པའི་གྲྭ་བཙུན་ལ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པ་དང་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཚང་མར་སྨན་རིན་མི་དགོས་པར་སྨན་བཅོས་བྱས་ཡོད་ལ། མི་རེའི་ཆ་སྙོམས་ཚེ་ཚད་ལོ་68.2ཟིན་ཡོད།
         【མང་ཚོགས་ཀྱི་བསམ་ཚུལ】 ལྷོ་ཁ་ས་ཁུལ་གྱི་ནོར་བུ་གཡང་འཛོམས་པེ་ཅིང་དུ་བསྐྱོད་ནས་སྙིང་ནད་གཤགས་བཅོས་བྱས་རྗེས་ད་ཆ་རྒྱུག་ཤར་གློད་ཐུབ་པ་མ་ཟད། ལན་ཆིའུ་སྤོ་ལོ་རྒྱག་ཐུབ་ཀྱི་ཡོད། ཁོང་གི་པ་ཕས་མི་རྣམས་ལ“གོ་ཐོས་ལ་སྙིང་གཤགས་བཅོས་བྱེད་པར་སྨན་རིན་སྒོར་ཁྲི་བཅོ་ལྔ་བཅུ་དྲུག་སྤྲོད་དགོས་པས། ང་ཚོ་སེམས་ཁྲལ་ཆེན་པོ་བྱུང་། ཕྱིས་སུ་སྨན་རིན་སྤྲོད་མི་དགོས་པར་གཤགས་བཅོས་བྱས་པས། ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
         【སྣོད་བཅུད】 བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ཕྱོགས་ཡོངས་ནས་ལག་ལེན་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་71བཏང་སྟེ“འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཏན་ཏིག་བཏང་བ་དང་། སྣོད་བཅུད་རོགས་དངུལ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་147སྤྲད་པ། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་516.6ཟིན་ནས་ལྗོངས་ཡོངས་ཀྱི་ཆུ་དང་། མཁའ་རླུང་། ས་རྒྱུ་བཅས་ཀྱི་སྤུས་ཚད་ལེགས་སུ་ཕྱིན་ཡོད།
         【མང་ཚོགས་ཀྱི་བསམ་ཚུལ】 ནག་ཆུ་ས་ཁུལ་ནག་ལས་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཝུའུ་ཧའེ་ཕུང་གིས“བྱང་རྩྭ་ཐང་ནི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཞིང་ཁམས་ཞིག་ཡིན་པ་དང་དེར་འབྲོང་ཁྲི་གཅིག་ལྷག་ཙམ་དང་། གཙོད་ཁྲི་བཅུ་ལྷག་ཙམ། རྐྱང་ཁྲི་བརྒྱད་ལྷག་ཙམ་ཡོད་པ་དང་གཞི་རིམ་དུ་སྐྱོད་སྐབས་གཙོད་དང་ལུག་མཉམ་དུ་རྩྭ་ཟ་བའི་རྣམ་པ་ཡང་ཡང་མཐོང་རྒྱུ་ཡོད། དེ་སྔ་སྤྱང་ཀི་རེ་གཉིས་ལས་མཐོང་རྒྱུ་མེད་པ་དང་ད་ཆ་མང་པོ་མཐོང་རྒྱུ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།