འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“ཁག་གཅིག་ལྔའི”གནད་སྨིན་དབུལ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ད་ཆ་སྐྱེལ་འདྲེན་བྱེད་པ་ཕུད་ད་དུང་ཕྱུགས་ཟོག་གསོ་ཚགས་བྱེད་པས་ཁྱིམ་དུ་ལོ་ལྟར་ཡོང་འབབ་སྒོར་ཁྲི་3ཟིན་ནས་དབུལ་པོའི་ཞྭ་མོ་རྦད་དེ་ཕུད་ཡོད” བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་རྒྱ་སྨུག་གྲོང་ཚོའི་གྲོང་མི་བློ་བཟང་ཆོས་འཕེལ་ནི་ཁྱིམ་གྱི་ངལ་རྩོལ་ནུས་ཤུགས་གཅིག་པུ་དེ་ཡིན་པ་དང་དེ་སྔ་ནང་མི་ཚང་མ་མ་མཐའི་འཚོ་བའི་འགན་ལེན་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཡུལ་དེར་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས་དུད་ཚང་དུ་བསྐྱོད་དེ་ཤེས་རྟོགས་བྱས་པ་ནས་བཟུང་ཁོང་ལ་《དབུལ་པོའི་རོགས་སྐྱོར་ལག་ཁྱེར་》གཉེར་བ་མ་ཟད། ད་དུང་ཕྱུགས་ཟོག་དང་ཞིང་སྤྱོད་འཁོར་རིགས་ཉོ་སྒྲུབ་བྱས་པས་ད་ཆ་ནང་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཡོད་པ་དེ་རེད།
         རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་ས་ཁུལ་དབུལ་པོ་གཅིག་པུ་དེ་ཡིན་པའི་ངོས་ནས་བོད་དུ་ད་ཡོད་དབུལ་པོའི་མི་འབོར་ཁྲི་77.7ཡོད་པ་དེས་སྤྱིའི་མི་འབོར་གྱི་23.96%བཟུང་ཡོད། ཤིན་ཏུ་དབུལ་བ་དང་། མི་སྡོད་ཁོར་ཡུག་ཞན་པ། ནད་དང་། གནོད་འཚེ། བུ་ལོན་བཅས་ལས་དབུལ་པོར་འགྱུར་བའི་རྣམ་པ་ཡོངས་སུ་ཁྱབ་ཡོད་པས་དབུལ་སྐྱོར་ལས་འགན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད།
         “སུ་ལ་དབུལ་སྐྱོར་བྱེད་པ་དང་། སུས་དབུལ་སྐྱོར་བྱེད་པ། ཇི་ལྟར་དབུལ་སྐྱོར་བྱེད་པ་བཅས”ལ་དམིགས་ཏེ་བོད་ཀྱིས་དུད་ཚང་རེ་རེ་བཞིན་མཐིལ་རྟོགས་དང་རྣམ་གྲངས་རེ་རེ་བཞིན་ཞིབ་བཤེར་བྱས་ཐོག་ཡིག་ཚགས་དང་གཱ་བཟོས་ནས་དབུལ་སྐྱོར་བྱ་ཡུལ་གནད་སྨིན་དབྱེ་འབྱེད་བྱས་པ་དང་དབུལ་པོའི་མི་འབོར་གྱི་འགུལ་རྣམ་དོ་དམ་མ་ལག་རགས་ཙམ་བཙུགས་ཡོད། 2015ལོའི་ཟླ་7པར་ལྗོངས་ཏང་ཨུད་ཀྱིས་རིམ་ཁག་ཏང་ཨུད་སྲིད་གཞུང་གི“འགོ་ཁྲིད་ཨང་དང་པོའི”དབུལ་སྐྱོར་གྱི་བྱེད་པོའི་འགན་འཁྲི་སྔར་བས་གསལ་པོ་བཟོས་ཏེ“རང་སྐྱོང་ལྗོངས་ཀྱིས་སྤྱི་ཡོངས་ཀྱི་འགན་འཁྲི་ཁུར་བ་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་ཐད་ཀར་དོ་དམ་བྱེད་པ། རྫོང་གིས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། ཤང་གྲོང་གིས་ཆེད་མངགས་ལས་དོན་སྤེལ་བ་བཅས”ཀྱི་དབུལ་སྐྱོར་དོ་དམ་སྒྲིག་སྲོལ་བཙུགས་པ་དང་འབྲེལ་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དོ་དམ་ལམ་སྲོལ་གསར་གཏོད་བྱས་ནས་མ་དངུལ་སྤྲོད་རྒྱུ་དེ་ཤིན་ཏུ་དབུལ་བ་དང་། དབུལ་པོའི་མི་འབོར་མང་བ། དབུལ་སྐྱོར་དཀའ་ངལ་ཆེ་བའི་ས་ཁོངས་སུ་གཟིགས་སྐྱོང་བྱས་ཡོད། དེའི་ཁྲོད་གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་ས་ཁུལ་དང་གྲོང་ཁྱེར་གསུམ་ནི་མཐོ་གྲང་འབྲོག་ཁུལ་ཡིན་པས་གནོད་འཚེ་ཡང་ཡང་ཐོན་པ་དང་ས་ཆ་མི་ཉུང་བ་ཞིག་ད་དུང་རི་ཁུག་དང་ལུང་གཞུང་དུ་ཆགས་པས་བོད་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གཡུལ་ས་གཙོ་བོར་འགྱུར་བ་རེད།
         དབུལ་པོའི་རྣམ་པ་མི་འདྲ་བ་དང་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་བོད་ཀྱིས“ཁག་གཅིག་ལྔའི”རོགས་སྐྱོར་བྱེད་ཐབས་གཙོ་གནད་ཐོག་ལག་ལེན་བསྟར་བ་སྟེ། ཁག་གཅིག་ལ་ཐོན་སྐྱེད་རོགས་སྐྱོར་བྱེད་པ་དང་། ཁག་གཅིག་གནས་སྤོ་བྱེད་པ། ཁག་གཅིག་ལ་མ་མཐའི་འཚོ་བ་འགན་ལེན་གྱི་སྲིད་ཇུས་ལག་ལེན་བསྟར་བ། ཁག་གཅིག་ལ་ཤེས་རིག་སློབ་གསོའི་རྩལ་ནུས་ཀྱི་ལས་ཞུགས་བྱེད་པ། ཁག་གཅིག་ལ་སྐྱོན་བྲལ་དབུལ་སྐྱོར་དང་རོགས་སྐྱོབ་བྱེད་པ་བཅས་རེད། 2011ལོའི་ཟླ་10པ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་བཏང་བ་དང་། ཏང་ཡོན་ལས་བྱེད་པ་ཁྲི་10ལྷག་ཙམ་གྱིས་ལྗོངས་ཡོངས་ཀྱི་གྲོང་ཚོ་(གྲོང་ལྷན)5463དུ་དུད་ཚང་དབུལ་པོ་དང“ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་བ། ཁ་གཏད་གནད་སྨིན་རོགས་སྐྱོར་བྱེད་སྒོ་བཅས་སྤེལ་བར་གྲོང་ཚོའི་དུད་ཚང་དབུལ་པོར་བཅའ་སྡོད་དང་མངགས་གཏོང་ཚན་པའི་ལས་བྱེད་ལས་བཟོའི་ཆ་སྒྲིག་དབུལ་སྐྱོར་ཡོངས་སུ་ཁྱབ་ནས་ཞིང་འབྲོག་པའི་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་15.1ཐད་ཀར་མང་དུ་སོང་བ་རེད།
         ལྷ་ས་གྲོང་ཁྱེར་ལྕང་ར་ཤར་ཤང་གི་བསྟན་འཛིན་གྱིས་མཛེས་རྩལ་གསོ་སྦྱོང་འཛིན་གྲྭར་རིན་མི་དགོས་པར་སློབ་སྦྱོང་ལོ་གཉིས་བྱས་པ་བརྒྱུད་ད་ཆ་རི་མོ་བར་གྱུར་ཡོད། “རི་མོ་འབྲི་བའི་རྩལ་ནུས་ཁོང་དུ་ཆུད་རྗེས་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་སོང་ཡོད”ཅེས་བསྟན་འཛིན་གྱིས་བཤད། བོད་ཀྱིས“སྦྲང་ཆར་འཆར་གཞིའི”སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ཁྱིམ་ཚང་དབུལ་པོའི“སློབ་མ་རིགས་གཉིས”(དམའ་རིམ་དང་མཐོ་རིམ་སློབ་འབྲིང་ཐོན་རྗེས་མུ་མཐུད་སློབ་གྲྭར་བསྐྱོད་ཐུབ་མེད་པའི་སློབ་མ)ཀྱི་སློབ་རྒྱུས་གསོ་སྦྱོང་དང་གཞོན་ནུ་དང་དར་མའི་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་སྐྱོར་བྱ་ཡུལ་ལ་རྩལ་ནུས་ལྡན་པ་དང་། ལས་ཞུགས་ཐུབ་པ། ཡོང་འབབ་ཡོད་པ་བཅས་མངོན་འགྱུར་ཐུབ་ཆེད་བོད་ཀྱིས་2015ལོར་རྒྱལ་ཁབ་ཀྱི་ཆེད་དོན་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་16.75བཏང་ནས་རིགས་ཁག་གི་རྣམ་གྲངས་922ལག་ལེན་བསྟར་བ་རེད།
         མིག་སྔར་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཐད་སྲིད་ཇུས་དབུལ་སྐྱོར་དང་། ཆེད་དོན་དབུལ་སྐྱོར། ལས་རིགས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་བཅས་ཕྱོགས་ལྔ་གཞི་གཅིག་དང་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཀྱིས་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་དབུལ་སྐྱོར་བཀོད་པ་ཞིག་རགས་ཙམ་ཆགས་ཡོད། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་ཀྲུའུ་རེན་འཇམ་དཔལ་གྱིས“2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་དང་རྫོང་དབུལ་པོའི་ཞྭ་མོ་ཕུད་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།