འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་དངུལ་ཁང་གིས་2016ལོའི་གོ་ལ་ཧྲིལ་པོའི་འཕར་གཞིའི་སྔོན་དཔག་མཐོ་པོ་བྱས་མེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་12ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་འཛམ་གླིང་དངུལ་ཁང་གིས་གསར་དུ་བཏོན་པའི་འདོན་ཐེངས་དང་པོའི་《གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་འབྱུང་འགྱུར་ལ་ཕྱོགས་པ་》ཞེས་པའི་སྙན་ཐོའི་ནང་། 2015ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་ཚུལ་ཐད་མི་རྣམས་ལ་སླར་ཡང་བློ་ཕམ་བྱུང་བ་མ་ཟད། 2016ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་གཞི་སྔོན་ཚོད་བྱས་ན་2.9%བར་དམའ་རུ་འགྲོ་རྒྱུ་ཡིན་ལུགས་བཤད་ཡོད།
         འཛམ་གླིང་དངུལ་ཁང་གི་མཐོ་རིམ་ཧང་ཀྲང་གཞོན་པ་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་གཅིག་ལྕོགས་ཁའོ་ཤིས་ཁེ་·པ་སུའུ་ཡིས་ཚེས་6ཉིན་སྨྱན་སྦྱོར་ཁ་པར་ཚོགས་འདུའི་ཐོག་འཛམ་གླིང་དངུལ་ཁང་གིས་བཏོན་པའི་སྙན་ཐོའི་ནང་། 2015ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་འཕར་གཞི་སླར་ཡང་སྔོན་དཔག་ལས་དམའ་བ་དང་། 2016ལོ་ནི་ཉེན་ཚབས་ཆེ་བའི་ལོ་ཞིག་ཡིན་པ་མངོན་ཡོད་ཅེས་བཤད།
         སྙན་ཐོའི་ནང་། 2016ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྔོན་དཔག་བྱས་ན་2.9%འཕར་རྒྱུ་ཡིན་ནའང་། འཕར་ཚད་ན་ནིང་གི་ཟླ་དྲུག་པའི་སྔོན་དཔག་གི་3.3%ལས་དམའ་བ་དང་2015ལོའི་2.4%ལས་མཐོ་བ་ཡོད་པ་བསྟན་པ་དང་། ད་དུང་འཛམ་གླིང་དངུལ་ཁང་གིས་2017ལོ་དང་2018ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཆ་སྙོམས་འཕར་ཚད་3.1%ཡིན་པ་སྔོན་དཔག་བྱས་ཡོད།
         སྙན་ཐོའི་ནང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱིས་གསར་དར་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་འཕར་ཚད་འགྲོ་འགོར་དུ་གཏོང་རྒྱུ་དང་། ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་དམའ་པོ་རྒྱུན་གནས་ཐུབ་རྒྱུ། ཉོ་ཚོང་དང་མ་རྩ་འཁོར་རྒྱུག་དལ་དུ་གཏོང་རྒྱུ་བཅས་ལ་ཕྱོགས་པའི་དུས་རབས་གསར་པའི་དགོས་མཁོ་དང་འཚམ་པར་བྱ་རྒྱུ་ཡིན་ཚུལ་བསྟན་ཡོད།
         སྙན་ཐོའི་ནང་། འདི་ལོ་པར་ཙིར་དང་ཨུ་རུ་སུའི་དཔལ་འབྱོར་2.5%དང་0.7%སོ་སོར་ཆག་རྒྱུ་ཡིན་ནའང་། ཀྲུང་གོའི་འདི་ལོའི་འཕར་གཞིའི་མྱུར་ཚད་6.7%ཟིན་རྒྱུ་དང་སང་ལོར་6.5%བར་དམའ་རུ་འགྲོ་རྒྱུའི་སྔོན་དཔག་བྱས་པ་དང་། རྒྱ་གར་གྱི་འདི་ལོ་དང་དུས་སང་ལོ་གཉིས་ཀྱི་འཕར་གཞི་7.8%དང་7.9%སོ་སོར་ཟིན་རྒྱུའི་སྔོན་ཚོད་བྱས་ཡོད། འཛམ་གླིང་དངུལ་ཁང་གིས་ལོ་ལྟར་《གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་འབྱུང་འགྱུར་ལ་ཕྱོགས་པ་》ཞེས་པའི་སྙན་ཐོ་ཐེངས་གཉིས་རེ་སྤེལ་བ་ནི་ཟླ་དང་པོ་དང་དྲུག་པ་སོ་སོར་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།