༄༅།།ཨ་རི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་དྲ་སྦྲེལ་ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣ་ཐུག་འཕྲད་
བྱས་ནས་འཇིགས་རྒོལ་གྱི་མཉམ་ལས་ཐད་གྲོས་བསྡུར་བྱས་པ།
གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 01ཚེས་12ཉིན། 11:20】 (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)
མི་དམངས་དྲ་བའི་འཕྲིན། ཨ་རིའི་རྒྱལ་ཁབ་བདེ་འཇགས་དང་ཁྲིམས་ལག་བསྟར་ཁྱབ་ཁོངས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་ཉིན་ཤས་གོང་ཅ་ལི་ཕུ་ཉི་ཡ་ཀྲོའུ་ཧྲེན་ཧོ་སའེ་གྲོང་ཁྱེར་དུ་ཨ་རིའི“གློག་རྡུལ་ཕྲ་རབ་བཟོ་ལས་ལྟེ་གནས”དྲ་སྦྲེལ་གྱི་ཁེ་ལས་གཙོ་བོའི་དོ་དམ་པ་དང་ཐུག་འཕྲད་བྱས་ནས་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་བསམ་བློ་བརྒྱུད་སྤེལ་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་བྱ་ཐབས་ཐད་གྲོས་མོལ་བྱས་པ་རེད། དེ་ཉིན་སྲིད་གཞུང་ཕྱོགས་ཀྱི་ཕོ་བྲང་དཀར་པོའི་གཞུང་དོན་ཐིང་གི་ཀྲུའུ་རེན་མའེ་ཁེ་ཏོ་ནུའོ་ཡིས་སྣེ་འཁྲིད་པ་དང་ཕོ་བྲང་དཀར་པོའི་རྒྱལ་ཁབ་ས་ཆ་བདེ་འཇགས་དང་འཇིགས་རྒོལ་བློ་འདྲི་བ་མོ་ན་ཁོའོ་དང་། ཁྲིམས་འཛིན་པུའུ་ཀྲང་ལིན་ཆི། རྒྱལ་ཁབ་ས་ཆ་བདེ་འཇགས་པུའུ་ཀྲང་གཡོད་ཧན་ཤུན། རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱི་ཅུས་ཀྲང་ཁོ་སྨི། རྒྱལ་ཁབ་གསང་འཕྲིན་སྤྱི་ཁྱབ་ལྟ་ཞིབ་པ་ཁེ་ལ་པོ། རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་ཅུས་ཀྲང་ལུའོ་ཅེ་སི་དང་རྒྱུན་ལས་རྒྱལ་དོན་བློན་ཆེན་གཞོན་པ་པུའུ་ལིན་ཁེན་སོགས་ཕེབས་ཡོད་པ་རེད། ཁེ་ལས་ཕྱོགས་ཀྱི་ཀུ་ཤུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཏི་མུའུ་·ཁུའུ་ཁེ་སྐུ་ངོ་མ་ཚོགས་འདུར་ཞུགས་པ་དང་ཝེ་རོན་དང་། ཀུའུ་ཀོ། ཡ་ཧུའུ་དང་དེ་བཞིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར“ལེན་ཧྲུའུ”དང“ཐུའེ་ཐེ”“ལིན་དབྱིན”སོགས་ཚང་མས་ཁེ་ལས་ཀྱི་འཐུས་མི་ཚོགས་འདུར་མངགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གོང་ཚེས་ཉིན་ཐུག་འཕྲད་ཆུ་ཚོད་གཉིས་ལྷག་ཙམ་བྱས་པ་དང་ཞིབ་ཕྲའི་གྲོས་རིམ་དང་གྲོས་འགོ་སྨྱན་སྦྱོར་ལ་ཡོངས་བསྒྲགས་བྱས་མེད། ཨ་རིའི་སྨྱན་སྦྱོར་གྱིས་དེ་གོང་ཁྱབ་བསྒྲགས་བྱས་པའི་ཚོགས་འདུའི་གྲོས་རིམ་ལ་གཞིགས་ན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་ད་ཐེངས་ཀྱི་ཐུག་འཕྲད་བརྒྱུད་དེ་ཚོགས་ཞུགས་ཁེ་ལས་ཀྱི་མི་སྣར་ཐལ་སྐྱོད་ཀྱི་འཇིགས་སྐུལ་རྩ་འཛུགས་ཀྱིས་ཇི་ལྟར་བྱས་ཏེ་ཆ་འཕྲིན་གསང་རྒྱ་བསྡམས་པ་སོགས་ལག་རྩལ་ལ་བརྟེན་ནས་དྲ་སྦྲེལ་ཐོག་ཆ་འཕྲིན་བརྒྱུད་སྤེལ་བྱེད་པ་ངོ་སྤྲོད་བྱས་ནས་བྱ་ཐབས་གང་ཞིག་སྤྱད་དེ་རྩ་འཛུགས་དེ་དག་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ངན་སྐུལ་ལམ་ཡང་ན་བསྡུ་སྐོང་བྱེད་དཀའ་རུ་གཏོང་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གྲོས་བསྡུར་གྱི་ནང་དོན་ནང་ད་དུང་སྲིད་གཞུང་དང་ཁེ་ལས་ཀྱིས་ཇི་ལྟར་བྱས་ཏེ་གཞན་ལ་དེ་ལས་ལྡོག་པའི་ནང་དོན་གསར་གཏོད་དང་། ཡོངས་བསྒྲགས། བརྒྱུད་སྤེལ་བཅས་བྱེད་རོགས་བྱས་ནས“དབྱི་སི་ལམ་རྒྱལ་ཁབ”སོགས་ཐལ་སྐྱོད་རྩ་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
མིག་སྔར་རྒྱལ་སྤྱིའི་འཇིགས་རྒོལ་དུས་བབ་ཛ་དྲག་པོ་ཡོད་པ་དང་དེའི་ནང“དབྱི་སི་ལམ་རྒྱལ་ཁབ”སོགས་ཐལ་སྐྱོད་ཀྱི་འཇིགས་གཏུམ་རྩ་འཛུགས་ཀྱིས་དྲ་སྦྲེལ་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཡང་ཡང་སྤྱད་དེ་ངན་སྐུལ་རང་བཞིན་གྱི་གཏམ་བརྗོད་སྤེལ་བ་དང་ཐ་ན་ཁོངས་མིའང་བསྡུ་སྐོང་བྱེད་ཀྱི་ཡོད། ཨ་རིའི་པུའུ་ལུའུ་ཅིན་སི་སློབ་ཚོགས་ཀྱི་2015ལོའི་སྙན་ཞུའི་ནང་2014ལོའི་དུས་མཚམས་ག་གེ་མོའི་སྔ་ནུབ་ཀྱི་ཟླ་བ་གསུམ་ནང“དབྱི་སི་ལམ་རྒྱལ་ཁབ”ལ“ཐུའེ་ཐེ”རྩིས་ཐེམ་ཉུང་མཐར་ཁྲི་4.6ཡོད་པ་རེད།
ཨ་རིའི་ཙུང་ཐུང་ཨའོ་པ་མས་དྲ་སྦྲེལ་གྱིས་རྒྱལ་ཁབ་དབར་གྱི་བར་ཐག་མེད་པ་བཟོས་པ་དང་དུས་མཚུངས་འཇིགས་སྐུལ་པས་དེ་བས་མང་བའི་ངང་སྤྱོད་ཀྱི་ཡོད་ཅེས་བརྗོད་མྱོང་ཡོད་པ་དང་འབྲེལ་ཁོང་གིས་མཐོ་གསར་ལག་རྩལ་ཁེ་ལས་དང་ཁྲིམས་ལག་བསྟར་སྒྲིག་གཞིའི་གཙོ་གཉེར་དོ་དམ་པས་བྱ་ཐབས་སྤྱད་དེ་འཇིགས་སྐུལ་པས་ཁྲིམས་ཀྱི་དྲ་བར་མ་ཚུད་པ་བྱེད་པའི་ལག་རྩལ་ལ་བརྟེན་ཤུགས་ཇེ་ཆུང་དུ་གཏོང་དགོས་པའི་སྐུལ་མ་ཡང་བཏང་བ་རེད། རྒྱལ་ཁབ་ས་ཆ་བདེ་འཇགས་པུའུ་ཀྲང་གཡོད་ཧན་ཤུན་གྱིས་ན་ནིང“གློག་རྡུལ་ཕྲ་རབ་བཟོ་ལས་ལྟེ་གནས”སུ་བསྐྱོད་ནས་དེ་གར་གཞུང་ལས་ཁང་བཙུགས་ནས་སྒེར་གཉེར་ཁེ་ལས་དང་མཉམ་ལས་བྱ་རྒྱུར་སྐུལ་མ་གཏོང་རྒྱུའི་ཁྱབ་བསྒྲགས་བྱེད་མྱོང་ཡོད་པ་རེད།