འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལས་ཀྲུང་གོའི་ཡུལ་སྐོར་བ་ནེ་པ་ལར་སྐྱོད་པའི་རྒྱལ་གྲོལ་ཐོངས་མཆན་གྲོན་དངུལ་རྩ་ཆག་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་12ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོའི་ཡུལ་སྐོར་བ་སྔར་བས་མང་བ་ནེ་པ་ལར་ཡུལ་སྐོར་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད། ནེ་པ་ལས་ཉེ་ཆར་ཀྲུང་གོའི་ཡུལ་སྐོར་བ་ནེ་པ་ལར་སྐྱོད་པའི་རྒྱལ་གྲོལ་ཐོངས་མཆན་གྲོན་དངུལ་དངོས་སུ་རྩ་ཆག་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་ཁང་དང་། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག ཧྲང་ཧའེ་རུ་བཅའ་སྡོད་ནེ་པ་ལའི་མཚན་འཛིན་ཁེ་སྐྱོང་ལས་ཤག ཤང་ཀང་དུ་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བཅས་ཀྱིས་རྒྱལ་གྲོལ་ཐོངས་མཆན་གྲོན་དངུལ་རྩ་ཆག་གཏོང་བའི་ཞབས་ཞུ་མཉམ་དུ་སྤེལ་འགོ་ཚུགས་ཤིང་། དེ་ནས་བཟུང་ཀྲུང་གོའི་ལམ་ཡིག་དཀྱུས་མ་འཁྱེར་བའི་ཡུལ་སྐོར་བ་ནེ་པ་ལར་ཡུལ་སྐོར་དུ་སྐྱོད་ཚེ་མ་མཐར་ཡང་ཐོངས་མཆན་གྲོན་དངུལ་མི་དམངས་ཤོག་སྒོར་700གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད།
         ལྷ་སར་ཡོད་པའི་ཡུལ་སྐོར་བར་མཚོན་ན། ལས་ཀའི་ཉིན་མོའི་ཆུ་ཚོད་10པ་ནས་12བར་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་བསྐྱོད་དེ་རྒྱལ་གྲོལ་ཐོངས་མཆན་གཉེར་ཆོག རེ་ཞུའི་རེའུ་མིག་སྤྲད་རྗེས་ཀྱི་ཉིན་གསུམ་པའི་ཆུ་ཚོད་16ཐོག་རེ་ཞུ་བྱེད་མཁན་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་རྒྱལ་གྲོལ་ཐོངས་མཆན་ལེན་པར་སྐྱོད་ཆོག
         ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་ཁྱོན་ཀྲུང་གོ་བ་ཁྲི་10ལྷག་ཙམ་ནེ་པ་ལར་ཡུལ་སྐོར་དུ་བསྐྱོད་ཡོད་པ་རེད། 2015ལོར་ནེ་པ་ལར་ས་ཡོམ་མ་བརྒྱབ་གོང་དུ་ནེ་པ་ལར་ཡུལ་སྐོར་དུ་སྐྱོད་མཁན་མི་གྲངས་2014ལོའི་དུས་མཚུངས་དང་བསྡུར་ན་ལྡབ་7ནས་8བར་འཕར་ཏེ་ཡུལ་སྐོར་སྣེ་ལེན་ཁང་ཆེ་གྲས་ཁག་གིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་བསྟུད་མར་འཕར་ཡོད་མོད། ས་ཡོམ་བརྒྱབ་རྗེས་ནེ་པ་ལའི་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་ཐེབས་ཤིང་མིག་སྔར་རིམ་བཞིན་སླར་གསོ་འབྱུང་བཞིན་པའི་སྒང་ཡིན་པ་རེད།
         མིག་སྔའི་བར་ནེ་པ་ལའི་ཏུའུ་པཱ་ཐང་ཆེན་སོགས་ཚུད་པའི་འཛམ་གླིང་གི་རིག་གནས་ཤུལ་བཞག་7མི་རྣམས་ལ་ཕྱོགས་ཡོངས་ནས་སྒོ་ཕྱེ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།