འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་རིང་དྲ་ཐོག་ནས་སྤ་སེ་ཉོ་སྐབས་
    ཁ་བསླུས་རྒྱག་སྟངས་བཞིར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་12ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་སྐྱེལ་འདྲེན་སླེབས་ལ་ཉེ་བའི་སྐབས་སུ་ཡུལ་སྐོར་བ་མང་ཆེ་བས་དྲ་བའི་ཐོག་ནས་སྤ་སེ་ཉོ་རྒྱུ་དེ་སྔོན་ལ་འདེམས་ཀྱི་ཡོད། ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ལོ་ཁ་ཤས་ནང་དྲ་བའི་ཐོག་ནས་སྤ་སེ་ཉོ་བའི་གནས་ཚུལ་ལ་གཞིགས་ནས་རྒྱུན་མཐོང་གི་དྲ་བའི་ཐོག་སྤ་སེ་ཉོ་མཁན་ལ་ཁ་བསླུས་རྒྱག་སྟངས་ཁག་བཞི་ཕྱོགས་སྡོམ་བྱས་ཡོད་པས། རྒྱ་ཆེའི་ཡུལ་སྐོར་བ་ཚོས་ཁ་བསླུས་འོག་མ་ཚུད་པ་བྱེད་དགོས།
         གཅིག་ནི་དངུལ་ཁང་གཱའི་གསང་བའི་ཨང་གྲངས་ཁ་བསླུས་རྒྱག་ཅིང་། ཁ་བསླུས་རྒྱག་མཁན་གྱིས་གང་རུང་ལ་ཁ་གཡར་ཏེ་ཡུལ་སྐོར་བར་གཏན་འཁེལ་རྩིས་ཁྲའི་ནང་དངུལ་བླུགས་དགོས་པའམ་ཡང་ན་སྤ་སེ་ཉོ་མཁན་གྱིས་དྲ་ཐོག་ཏུ་དངུལ་སྤྲོད་རྒྱུར་རྒྱུས་མངའ་མེད་པའི་ཁྱད་ཆོས་ལ་གཞིགས་ཏེ་དངུལ་ཁང་གཱའི་ཨང་གྲངས་དང་གསང་བའི་ཨང་གྲངས་སོགས་གནོན་དུ་བཅུག་ནས་ཆ་འཕྲིན་རྐུ་འཁྱེར་བྱས་རྗེས་གཱ་ནང་གི་དངུལ་ལེན་གྱི་ཡོད་པ་དང་། གཉིས་ནི་རླངས་འཁོར་སྤ་སེའི་ཁག་ཐེག་དངུལ་ཁ་བསླུས་རྒྱག་ཅིང་། ཁ་བསླུས་རྒྱག་མཁན་གྱིས་སྔོན་ལ་གྲངས་ཚད་ངེས་ཅན་གྱི་འགྱུར་རྟེན་ནམ་ཡང་ན་ཁག་ཐེག་དངུལ་སྤྲད་རྗེས་གཞི་ནས་སྤ་སེ་སྤྲོད་རྒྱུའི་རེ་བ་འདོན་གྱི་ཡོད་པས་ཡུལ་སྐོར་བས་སྤ་སེ་མགྱོགས་ཙམ་རག་འདོད་བྱེད་པར་གཞིགས་ནས་གང་རུང་ལ་ཁ་གཡར་ཏེ་འགྱུར་རྟེན་དང་ཁག་ཐེག་དངུལ་གསབ་སྣོན་བྱེད་དུ་འཇུག་གི་ཡོད་པ། གསུམ་ནི་མེ་འཁོར་སྤ་སེའི་བཏང་དངུལ་ཁ་བསླུས་རྒྱག་ཅིང་། ཁ་བསླུས་རྒྱག་མཁན་གྱིས་གང་རུང་ལ་ཁ་གཡར་ཏེ་ཚད་ལྡན་དྲ་ཚིགས་ཀྱིས་མཁོ་འདོན་བྱས་པའི་ཕྱོགས་གསུམ་པའི་བདེ་འཇགས་གཏོང་སྤྲོད་བྱ་ཐབས་མ་སྤྱད་པའམ་ཡང་ན་མེ་འཁོར་བབས་ཚུགས་ཀྱི་ལས་ཀ་བྱེད་མཁན་སོགས་ལ་རྫུས་ཏེ་བཏང་དངུལ་ཐད་ཀར་རང་ཉིད་ཀྱི་རྩིས་ཁྲའི་ནང་བླུགས་ཀྱི་ཡོད་པ། བཞི་ནི་ལག་ཐོགས་ཁ་པར་གྱི་ཨང་གྲངས་བསྒྱུར་ནས་ཁ་བསླུས་རྒྱག་ཅིང་། སྤ་སེ་ཉོས་ཟིན་པ་དང་མྱུར་སྐྱེལ་བས་སྒོ་རྩར་སྤ་སེ་སྐྱེལ་རྒྱུ་ཡིན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡུལ་སྐོར་བ་ས་ཆ་གང་རུང་ཞིག་ཏུ་འཛོམས་ནས་སྤ་སེ་སྤྲོད་རྒྱུ་བྱེད་པ་དང་ཆབས་ཅིག་ཡུལ་སྐོར་བའི་སྤུན་མཆེད་དངུལ་ཁང་གི་སྒོ་རྩར་སྒུག་ནས་སྡོད་དུ་བཅུག་པ་དང་ཁ་པར་འབྱོར་རྗེས་དངུལ་བླུགས་རྒྱུའི་རེ་བ་འདོན་གྱི་ཡོད། དེ་རྗེས“ལག་ཐོགས་ཁ་པར་གྱི་མཉེན་ཆས”སྤྱད་དེ་ཡུལ་སྐོར་བའི་ཁ་པར་ཨང་གྲངས་ཀྱིས་ཁོང་ཚོའི་སྤུན་མཆེད་ལ་ཁ་པར་བརྒྱབ་ནས་དངུལ་སྐུར་དུ་འཇུག་པ་དང་ཡུལ་སྐོར་བས་སྤུན་མཆེད་དང་འབྲེལ་བ་བྱེད་ལོང་མ་བྱུང་བའི་སྐབས་སུ་བཏང་དངུལ་ཁ་བསླུས་རྒྱག་པ་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།