འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་རིག་གནས་ཐོན་རྫས་དཔེ་སྟོན་ཚན་པ་ཁག་
    དང་པོ་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་12ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་རྟེན་རྫས་བཤམས་མཛོད་ཁང་རིག་གནས་ཐོན་རྫས་དཔེ་སྟོན་ཚན་པར་བདམས་པའི་མིང་ཐོ་ཁག་དང་པོ་ཡོངས་བསྒྲགས་བྱས་ཤིང་། དེའང་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དང་། རིག་གནས་པུའུ་ཀུང་ཝང་ཚང་དོ་དམ་ལྟེ་གནས། ཧྲང་ཧའེ་རྟེན་རྫས་བཤམས་མཛོད་ཁང་། སུའུ་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་། ཀྲེ་ཅང་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་། ཀོན་ཧྥུའུ་རྟེན་རྫས་བཤམས་མཛོད་ཁང་། ཧྲའན་ཤིས་རིག་དངོས་འདྲ་བཟོ་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི། ནན་ཅིང་རྟེན་རྫས་བཤམས་མཛོད་ཁང་། ཧྲན་ཤིས་རྟེན་རྫས་བཤམས་མཛོད་ཁང་། ཧུའུ་པེ་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་བཅས་ཚན་པ་བཅུ་བདམས་ཡོད་པ་རེད།
         མིག་སྔར་ས་ཆ་ཁག་གི་རྟེན་རྫས་བཤམས་མཛོད་ཁང་གིས་གཉེར་སྐྱོང་རང་བཞིན་གྱི་བྱེད་སྒོ་སྤེལ་བར་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཀུང་ཝང་ཚང་གི“ཧྥུའུ”ཡི་རིག་གནས་ཐོན་རྫས་རབ་དང་རིམ་པར་ན་གཞོན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་ལོར་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་7000ལས་བརྒལ་ཟིན། ད་ལོ་ནས་བཟུང་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་གསར་གཏོད་ཐོན་རྫས་འཚོང་ཚད་ཁྲི་27ཟིན་པ་དང་། སླད་ཕྱིན་གྱི་ལོ་གསུམ་ནང་ཆེད་དམིགས་དྲ་རྒྱའི་ཕྱིར་ཚོང་ལ་འཚམ་པའི་རིག་གནས་ཐོན་ཟོག་ཁག་གཅིག་གསར་སྤེལ་བྱེད་རྩིས་ཡོད་པ་རེད།
         2015ལོའི་ཟླ་8པར་རྒྱལ་ཁབ་རིག་དངོས་ཅུས་ཀྱི་མངགས་བཅོལ་ལྟར། ཀྲུང་གོ་རྟེན་རྫས་བཤམས་མཛོད་ཁང་མཐུན་ཚོགས་དང་ཀྲུང་གོ་རིག་དངོས་ཚགས་པར་ཁང་གིས་མཉམ་འབྲེལ་ཐོག“རྒྱལ་ཡོངས་རྟེན་རྫས་བཤམས་མཛོད་ཁང་རིག་གནས་ཐོན་རྫས་དཔེ་སྟོན་ཚན་པའི་འོས་སྦྱོར་བྱེད་སྒོ”སྒྲིག་འཛུགས་བྱས་ནས་གཉེར་ཡོད། བྱེད་སྒོ་དེ་གཙོ་བོ་ཁྲིམས་ལྟར་བཙུགས་པའི་རྟེན་རྫས་བཤམས་མཛོད་ཁང་སྣ་ཚོགས་དང་། རིག་གནས་ཐོན་རྫས་བཟོ་བའི་གསར་གཏོད་ཇུས་འགོད་ཞིབ་སྤེལ་གྱི་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་། རྟེན་རྫས་བཤམས་མཛོད་ཁང་གི་རིག་གནས་ཐོན་རྫས་གསར་གཏོད་ཞིབ་སྤེལ་ལ་གཞོལ་བ། ཐོན་སྐྱེད་དང་ཕྱིར་ཚོང་གི་ཁེ་ལས་སོགས་ཚན་པར་ཕྱོགས་ཡོད་པ་རེད།
         འོས་སྦྱོར་བྱེད་སྒོ་གཉེར་རྗེས་ས་ཆ་ཁག་ནས་ལེགས་འདེམས་དང་འོས་སྦྱོར་བྱས་པའི་ཚན་པ་46གི་རེ་ཞུའི་དཔྱད་ཡིག་འབྱོར་ཡོད། ཀྲུང་གོ་རིག་དངོས་ཚགས་པར་ཁང་གི་འབྲེལ་ཡོད་འགན་འཁུར་བས་རྟེན་རྫས་བཤམས་མཛོད་ཁང་གི་རིག་གནས་ཐོན་རྫས་དཔེ་སྟོན་ཚན་པའི་འོས་སྦྱོར་བྱེད་སྒོ་གཉེར་བའི་དམིགས་ཡུལ་ནི་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཕུན་སུམ་ཚོགས་སུ་བཏང་ནས་རྟེན་རྫས་བཤམས་མཛོད་ཁང་གི་ཉར་དངོས་གསོན་ཉམས་དོད་དུ་གཏོང་རྒྱུ་དང་རྟེན་རྫས་བཤམས་མཛོད་ཁང་གི་རིག་གནས་ཐོན་རྫས་ཞིབ་སྤེལ་གྱི་ཚན་པ་ཕུལ་བྱུང་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ་རྒྱལ་ཡོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་རིག་གནས་ཐོན་རྫས་ཀྱི་ཞིབ་སྤེལ་ཐད་སྐུལ་འདེད་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་ཐོན་པ་བྱེད་པ་དང་། རྒྱལ་ཡོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་དང་དེའི་འབྲེལ་ཡོད་སྒྲིག་གཞིའི་རིག་གནས་ཐོན་རྫས་གསར་སྤེལ་གྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། རྟེན་རྫས་བཤམས་མཛོད་ཁང་གི་རིག་གནས་ཐོན་རྫས་ཞིབ་སྤེལ་དང་གཉེར་སྐྱོང་དོ་དམ་གྱི་མི་སྣ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། རང་བརྟེན་ཤེས་བྱའི་བདག་དབང་ལྡན་པ་དང་རང་རྒྱལ་གྱི་རྟེན་རྫས་བཤམས་མཛོད་ཁང་ཁྱད་ཆོས་ཀྱིས་ཕྱུག་པ། འགྲན་རྩོད་ནུས་པ་ལྡན་པ་བཅས་ཀྱི་རིག་གནས་ཐོན་རྫས་ཀྱི་མ་ལག་ཞིབ་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཀ་ཐོན་ཏེ་རྟེན་རྫས་བཤམས་མཛོད་ཁང་གི་བྱ་གཞག་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་དེ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།