འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱིས་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་རེ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་70ལ་སླེབས་པའི་ལྕགས་ལམ་གྱི་ལག་རྩལ་ཆེ་མོ་བ་དབྱི་དབན་ཉི་ཨར་ཏོ·པེའར་ལང་ནི་པར་ཙིར་འགྲིམ་འགྲུལ་པུའི་ཁོངས་འོག་གི་ཝ་ལའེ་ཁེར་ལྕགས་ལམ་ལས་གྲྭ་ཀུང་སི་ལིས་གཡོད་གཞུང་དོན་ཁང་གི་འགན་ཁུར་བ་ཞིག་ཡིན་ཞིང་། ཁོང་གི་གཞུང་ལས་ཐོག་ཁང་དེ་ལྟེ་བའི་མེ་འཁོར་བབས་ཚུགས་དང་ཉེ་པོ་ཡོད། དུས་ཡུན་རིང་པོའི་ནང་པར་ཙིར་མནའ་འབྲེལ་ལྕགས་ལམ་དྲ་རྒྱ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་པུའུ་རུ་ལས་ཀ་བྱེད་ཅིང་། ལྟེ་བའི་མེ་འཁོར་བབས་ཚུགས་ཀྱི་ཁོངས་གཏོགས་ལྕགས་ལམ་དྲ་རྒྱའི་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་འགན་འཁུར་གྱི་ཡོད་པ་རེད།
         “མནའ་འབྲེལ་ལྕགས་ལམ་དྲ་རྒྱ་ཚད་ཡོད་ཀུང་སི་དར་རྒྱས་ཆེ་བའི་དུས་སུ་པར་ཙིར་རྒྱལ་ཡོངས་སུ་ལྕགས་ལམ་དྲ་རྒྱ་སྤྱི་ལེ་ཁྲི་3ཙམ་ཡོད་པ་དང་གཞུང་ལས་ཐོག་ཁང་ཁོ་ནར་མི་གྲངས་སྟོང་ཕྲག་ཁ་ཤས་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་དུས་རབས་20པའི་ལོ་རབས་90པ་ནས་བཟུང་སྒེར་དབང་ཅན་དུ་གྱུར་འགོ་ཚུགས་རྗེས་པར་ཙིར་ལྕགས་ལམ་འཛུགས་སྐྲུན་དེ་ཉམས་ཞན་དུ་སོང་བས་མནའ་འབྲེལ་ཀུང་སི་དེ་ཡང་མཐར་ཐོར་པ་རེད”ཅེས་པར་ཙིར་གྱི་ལྕགས་ལམ་ལོ་རྒྱུས་སྐོར་གླེང་སྐབས་པེའར་ལང་གིས་རང་ཁྱིམ་གྱི་ནོར་བུ་བགྲང་བ་ལྟར་སྐད་ཆའི་བར་མཚམས་སུ་སྒེར་དབང་ཅན་དུ་གྱུར་པའི་རྐྱེན་གྱིས་ལྕགས་ལམ་དྲ་རྒྱའི་འཛུགས་སྐྲུན་དེ་མགྱོགས་མྱུར་ཉམས་ཞན་ཕྱིན་པ་ཚོར་སྣང་ཟབ་མོའི་ངང་བཤད།
         ཡོ་རོབ་དང་ཨ་རི་ཕུད་པར་ཙིར་ནི་ལྕགས་ལམ་འཛུགས་སྐྲུན་བྱེད་སྔ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཞིང་། དུས་རབས་20པའི་དུས་འགོར་པར་ཙིར་ལྕགས་ལམ་དྲ་རྒྱ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ལམ་བུའི་རིང་ཚད་སྤྱི་ལེ་ཁྲི་3ཙམ་ཡོད། དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ་པར་ཙིར་ལྕགས་ལམ་གྱི་སྤྱིའི་ལམ་ཚད་ཐོག་མཐའ་བར་གསུམ་དུ་སྤྱི་ལེ་ཁྲི་3རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
        པེའར་ལང་གཞུང་ལས་ཁང་གི་གྱང་ཐོག་པར་ཙིར་གྱི་ས་བཀྲ་ཆེན་པོ་ཞིག་བཀལ་ཡོད་པ་དེའི་སྟེང་འཕྲེད་དང་གཞུང་བྱས་ནས་མ་འོངས་པའི་པར་ཙིར་ལྕགས་ལམ་དྲ་རྒྱའི་འཛུགས་སྐྲུན་གྱི་འཆར་གཞི་ཆེན་པོ་བཀོད་ཡོད་པ་རེད། པེའང་ལང་གིས་ས་བཀྲར་མཛུབ་མོ་བཙུགས་ཏེ“དུས་རབས་ཉེར་གཅིག་པའི་དུས་འགོར་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དེ་སྲིད་གཞུང་གི་གྲོས་རིམ་ཉིན་ཐོའི་ནང་སླར་ཡང་འདོན་རྒྱུ་ཡིན་པ་རེད། ཝ་ལའེ་ཁེ་ལྕགས་ལམ་ཀུང་སི་2008ལོར་བྱུང་བ་ཞིག་དང་འགྲིམ་འགྲུལ་པུས་དོ་དམ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་ནས་བཤད།
         པེའར་ལང་གིས“ལྕགས་ལམ་གྱི་ལམ་ཐིག་དེ་ལིས་གཡོད་ཀྲོའུ་ཡི་བྱང་ཤར་རྒྱུད་ཀྱི་གྲུ་ཁ་ནས་ཐོན་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ནུབ་དབུས་ས་ཁུལ་བརྒྱུད་ནུབ་རྒྱུད་མཐའ་མཚམས་ནས་ཕེ་རུར་འཛུལ་གྱི་ཡོད་ཅིང་། དེར་ང་ཚོའི་འཆར་འགོད་ནང“རྒྱ་མཚོ་གཉིས་ལྕགས་ལམ”ཞེས་འབོད་ཀྱི་ཡོད་ཅེས་བཤད།
         རྒྱ་མཚོ་གཉིས་ལྕགས་ལམ་དེ་མི་ཚོའི་མིག་ལམ་དུ་ཕྱར་བ་དང་ཆབས་ཅིག་པེའར་ལང་གིས་ཀྲུང་གོའི་ལྕགས་ལམ་རིགས་གཅིག་མཁས་ཅན་དང་ཉམས་མྱོང་སྤེལ་རེས་བྱེད་འགོ་ཚུགས་ཤིང་། “བདག་གཞོན་ནུའི་སྐབས། ཧྥ་རན་སི་དང་དབྱིན་ཇིའི་རིགས་གཅིག་མཁས་ཅན་གྱིས་ང་ཚོ་ཡུལ་དེའི་ལག་རྩལ་མི་སྣར་རོགས་རམ་མང་པོ་གནང་བྱུང་། ལོ་ཤས་ནང་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་འཕེལ་རྒྱས་མྱུར་པོ་ཕྱིན་པ་ངས་རྟོགས་བྱུང་། ཀྲུང་གོའི་ལག་རྩལ་དང་ཉམས་མྱོང་ལ་པར་ཙིར་གྱིས་སློབ་སྦྱོང་བྱེད་འོས་པ་ཞིག་འདུག པར་ཙིར་གྱིས་ཀྲུང་གོའི་ལྕགས་ལམ་ཁེ་ལས་དང་ཀྲུང་གོའི་ལག་རྩལ་རིགས་གཅིག་མཁས་ཅན་ཚོར་དགའ་བསུ་ཞུ་རྒྱུ་དང་འབྲེལ་ཀྲུང་གོའི་མ་དངུལ་པར་ཙིར་གྱི་ལྕགས་ལམ་འཛུགས་སྐྲུན་ནང་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།